༄༅། །བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་གནང་སོང་།
ཁ་ཉིན་ཕྱི་ཚེས་ ༢༠ ཉིན་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོའི་འཚོགས་གནང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་སྐོུ་རྒྱ་རི་སྒྲོལ་མ་མཆོག ཆེ་བསྟོད་སྐུ་མགྲོན་དུ་༸སྐྱབས་རྗེ་གནས་ཆུང་སྐུ་རྟེན་རིན་པོ་ཆེ་མཆོག་དང་མཆོག་སྤྲུལ་ལྷ་རྒྱལ་རིན་པོ་ཆེ་མཆོག་གནད་ཞུ་གནང་འདུག དེ་བཞིན་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་དྲུང་ཆེ་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སློབ་གྲྭ་ཁག་གི་སློབ་སྤྱི་བཅས་རྒྱ་ཆེའི་མང་ཚོགས་སྟོང་ཚོ་གཅིག་ལྷག་འདུ་འཛོམས་ཀྱིས་བོད་ཀྱི་ཞོ་སྟོན་དུས་ཆེན་གྱི་མཛད་སྡོམ་མཛད་སྒོ་སྲུང་བརྩི་གནང་སོང་། མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ཞོ་སྟོན་མཇུག་སྡོམ་མཛད་སྒོའི་གསུང་བཤད་ནང་། སྔར་ལམ་ཡིན་ན་བོད་ཀྱི་ཞོ་སྟོན་དུས་ཆེན་སྲུང་བརྩི་གནང་རྒྱུར་རྒྱུན་གྲོན་གང་ཙམ་ཞིག་ཨ་རི་གཞུང་གི་རོགས་དངུལ་ (USAID) ལས་འཆར་འོག་བཀའ་འཕྲོལ་ཐོབ་སོན་བྱུང་ཡོད་ནའང་ཨ་རི་སྲིད་གཞུང་གསར་པའི་(USAID) རོགས་དངུལ་མཚམས་འཇོག་གནང་ཟིན་པར་བརྟེན་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་ཐབས་འཚོལ་བྱས་དང་བྱེད་བཞིན་པའི་ཐོག་བོད་ཀྱི་ཞོ་སྟོན་དུས་ཆེན་སྲུང་བརྩི་ཞུ་རྒྱུར་འབད་བརྩོན་ཞུས་པ་དེ་བཞིན་མངོན་འགྱུར་བྱུང་ཡོད། གང་ལགས་ཞེ་ན་འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་སྐུ་ཡི་དགུང་གྲངས་ ༩༠ བཞད་པའི་གོ་སྟོན་རྟེན་འབྲེལ་འཁེལ་གྱི་ཡོད་པར་སོང་། ང་ཚོ་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ཕྱོགས་མཐའི་ལྷ་མོ་ཚོགས་པ་ཡོངས་ནས་བོད་ཀྱི་ཞོ་སྟོན་བཞུགས་སྒར་དུ་སྲུང་བརྩི་ཞུ་ཐུབ་པ་བྱུང་སོང་། ལྷག་དོན་དུ་ཁ་ཉིན་ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྷ་མོ་བ་ཡོངས་ལ་དམིགས་བསལ་༸གསེར་མཇལ་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་ལྷ་མོའི་སྐྱིད་སྡུག་རེ་ནས་སྐུ་ཚབ་ཅིག་གིས་གསུང་ཐར་འབུལ་རྒྱུའི་གོ་བསྐལ་བཟང་པོ་ཞིག་བྱུང་ཡོད། དེ་བཞིན་༸རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་རྣ་བའི་བདུད་བརྩིས་བྱིན་གྱིས་རླབས་ཏེ་དེ་རིང་ངོས་རང་ནོར་གླིང་དུ་སླེབས་པའི་ཐུགས་ཚོར་བྱུང་ཞེས་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་ནི་ང་ཚོ་བོད་ཀྱི་ཟློས་གར་ཚོགས་པ་གཙོས་ལྷ་མོ་བ་ཡོངས་ཀྱི་ཚེ་བསོད་ཆེན་པོ་ཡིན། སླད་མ་འོངས་པར་རོགས་དངུལ་སོགས་དཀའ་ངལ་གང་ཞིག་བྱུང་ཡང་ང་ཚོས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཞུ་ཆེད་ཐབས་ཤེས་ཡོད་རྒུ་རྩ་དྲུག་གིས་བོད་ཀྱི་ཞོ་སྟོན་དུས་ཆེན་སྲུང་བརྩི་ཞུ་ཐུབ་པ་གནང་རྒྱུ་དང་། ༸རྒྱལ་བ་དོན་གྱི་བདག་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་རིག་གཞུང་སྤྱི་དང་ལྷ་མོའི་ཟློས་གར་འཛིན་སྐྱོང་སྤེལ་གསུམ་མུ་མཐུད་ཞུ་རྒྱུའི་མཆོད་སེམས་བརྟན་པོ་ཡོད་ཅེས་ངོ་སྤྲོད་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་འགྲོ་བ་བཟང་མོ་ཉིན་འཁྱོངས་གཟིགས་འབུལ་ཞུས་གནང་སོང་། ལྷ་གཞུང་གཟིགས་འབུལ་གྲུབ་མཚམས་དེ་རིང་གི་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་སྐུ་ངོ་རྒྱ་རི་སྒྲོལ་མ་མཆོག་ནས་རང་གཞུང་ཆོས་རིག་ལས་ཁུངས་ནས་ལྷ་མོའི་སྐྱིད་སྡུག་ཁག་རྒྱུན་གནས་སྲ་བརྟན་ཐུབ་ཐབས་སུ་མ་དངུལ་རོགས་སྐྱོར་ཧིན་སྒོར་ ༤༥༠༠༠། ཕྱག་རྟགས་དེ་བཞིན་ལྷ་མོའི་སྐྱིད་སྡུག་བཅུ་བཞིའི་ཚོགས་གཙོ་རྣམས་ལ་འབུལ་གནང་སོང་། དེ་ནས་དེ་རིང་གི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་ནས་ཕྱོགས་མཐའི་ལྷ་མོ་ཚོགས་པའི་སྐྱིད་སྡུག་ནང་ལོ་ ༢༠ བསྟུད་མར་པྱག་ལས་གནང་མཁན་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་ཟློས་གར་ཚོགས་པ་མཐུང་ནས་གཟེངས་བསྟོད་ཕྱགས་འཁྱེར་ལྷ་མོ་ཚོགས་པའི་ཚོགས་གཙོར་བསྩལ་གནང་མཛད་རྗེས་༸སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་བཀའ་སློབ་བཀའ་དྲིན་བསྐྱངས་གནང་མཛད་སྐབས། “བོད་ཀྱི་ཞོ་སྟོན་ཞེས་པ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་རང་མི་རིགས་ཀྱི་གོམས་སྲོལ་དང་གཤིས་ལུགས་སོགས་མཚོན་པའི་ཁྱད་ཆོས་ཆེན་པོ་ལྡན་པ་ཞིག་རེད། དེ་ནི་དུས་རབས་བཅུ་བཞི་ནས་བོད་དུ་ལྷ་མོ་འཁྲབ་པའི་སྲོལ་དར་རྒྱས་བྱུང་ཞིང་རིམ་བཞིན་འཕེལ་རྒྱས་བྱུང་བ་རེད།…