༄༅། །བོད་ཀྱི་ཟློས་གར་ཚོགས་པས་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཞེས་པའི་གཏམ་བརྗོད་རྒྱས་པ་ཞིག་གཟིགས་འབུལ་ཞུས་གནང་སོང་།
ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༤ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཞེས་པའི་གཏམ་བརྗོད་གཟིགས་ཕུད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་སྐུ་ངོ་དབུ་རྒྱན་བསྟན་འཛིན་མཆོག་གདན་ཞུ་མཛད་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་རང་དབང་ཅན་གྱི་འགན་འཛིན་རྣམ་པ་དང་དྲུང་ཆེ་ཆུང། སློབ་གྲྭ་ཁག་གི་འགན་འཛིན་དང་གཞུང་ཞབས་སྲི་ཞུ་བ་དང་གསར་འགོད་པ་བཅས་འདུ་འཛོམས་གནང་སོང་། མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་ད་ལན་གཏམ་བརྗོད་གཟིགས་ཕུད་ཞུ་དགོས་པའི་དམིགས་ཡུལ་ངོ་སྤྲོད་གསུང་བཤད་ནང་། ད་ལན་གྱི་གཟའ་འཁོར་འདི་ནི་དཔལ་ལྡན་བཀའ་ཤག་གི་བཀོད་ཁྱབ་ཕེབས་དོན་ལྟར་ང་ཚོ་རང་དབང་ལུང་པར་གནས་འཁོད་བཙན་བྱོལ་བོད་མི་ཚོགས་སྒེར་ཡོངས་ནས། ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པར་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་ཅི་རིགས་སྤེལ་རྒྱུ། ཞེས་པའི་དགོངས་དོན་ལྟར་བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་གཞུང་གསར་རྩོམ་བགྱིས་ཏེ་འཁྲབ་སྟོན་ཞུས་པ་ཞིག་ཡིན། སྤྱིར་བཏང་ཀུན་གྱིས་མཁྱེན་གསལ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་ནི། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ཡོངས་སུ་བཙན་འཛུལ་བྱས་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་རང་རེའི་ཕ་མེས་ནས་བརྒྱུད་པའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཟང་པོ་དག་མ་འོངས་རྗེས་རབས་པ་རྣམས་ནས་མི་ཉམས་རྒྱུན་འཛིན་གནང་རྒྱུའི་ལྷ་དགོངས་སྤྱི་ཕེབས་འོག་ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་དབུ་བརྙེས་པ་ནས་ད་བར་མི་ལོ་རེ་བདུན་བར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟློས་གར་རིག་གཞུང་སྤྱི་དང་། ལྷག་དོན་དུ་ཨ་ལྕེ་ལྷ་མོའི་ཟློས་གར་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་གནང་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༠ ནས་བོད་ས་བཙན་བཟུང་བྱེད་སྒོ་བརྩམས་པ་ནས་བཟུང་བོད་ཀྱི་ཆོས་དང་རིག་གཞུང་གཙོས་པའི་དགོན་སྡེ་སྟོང་ཕྲག་ལྔ་ལྷག་རྩ་གཏོར་བཏང་ཞིང་། བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ཙམ་སྡུག་སྦྱོར་མནར་གཅོད་འོག་འདས་གྲོངས་སུ་གྱུར་ཡོད།…
















