བོད་ཀྱི་ཞོ་སྟོན་རྒྱས་པའི་མཇུག་བསྡོམས་མཛད་སྒོའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸གསེར་ཞལ་མཇལ་ཁ་དང་བཀའ་སློབ་བཀྲིན་གསོལ་བསྩལ་གྱི་སྒོ་ནས་བོད་ཀྱི་ཞོ་སྟོན་རྒྱལ་ཁའི་མཇུག་བསྒྲིལ།

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༡༠ ནས་ ༢༢ བར་ཉིན་གྲངས་ ༡༣ རིང་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པར་སྐོང་ཚོགས་ཞུས་ཡོད་པ་བཞིན། ཕྱི་ཚེས་ ༢༢ ཉིན་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པའི་མཇུག་བསྡོམས་མཛད་སྒོའི་ཐོག་མར་དེ་ཉིན་གྱི་སྔ་དྲོའི་ཚོུད་ ༨།༠༠ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཞོ་སྟོན་དུ་ཕེབས་པའི་ལྷ་མོ་ཚོགས་པ་ཁག་གི་ཚོགས་མི་ཡོངས་ལ་༸གསེར་ཞལ་མཇལ་ཁ་དང་བཀའ་སློབ་བཀྲིན་ཆེ་བསྩལ་གནང་མཛད་ཡོད། སྐབས་དེར་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་མགོན་པོ་གང་ཉིད་བསྟན་འགྲོ་སྤྱི་དང་བྱེ་བྲག་བོད་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་མཎྜལ་རྟེན་གསུམ་གྱི་ལྷ་རྫས་བསྟར་འབུལ་དང་། སྐུ་ཡི་ལྷ་རྫས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དང་། གསུང་གི་ལྷ་རྫས་སུ་རྒྱས་སྟོང་པའི་གླེགས་བམ། ཐུགས་ཀྱི་ལྷ་རྫས་སུ་བྱང་ཆུབ་མཆོད་རྟེན་གྱི་བརྟན་བཞུགས་བསྟར་འབུལ་ཞུ་ཐུབ་པ་བྱུང་ཡོད་ཅིང་། ལྷ་ཚོགས་སོ་སོའི་སྐུ་ཚབ་རེ་ནས་༸རྒྱལ་བའི་སྐུ་མདུན་དུ་གསུང་ཐར་ཕུལ་བར་མགོན་པོ་གང་ཉིད་ནས་ཁོང་ཉིད་ཀྱང་བོད་ཀྱི་ལྷ་མོའི་ཟློས་གར་གཟིགས་རྒྱུདང་གསུང་ཐར་གསན་རྒྱུར་རྒྱུན་དུ་ནས་ཐུགས་མཉེས་པོ་ཡོད་པའི་ཐུགས་དགྱེས་ཚོར་བྱུང་བའི་གསུང་གི་དབུགས་དབྱུང་ཀྱང་མཛད་ཡོད་། དེ་རྗེས་སྔ་དྲོའི་ཚོུད་ ༡༠།༠༠ ཐོག་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པའི་མཇུག་བསྡོམས་མཛད་སྒོ་དངོས་གཞི་དབུ་འཛུགས་ཞུས་པ་ལྟར་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མི་རྗེ་སྐོུ་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྐོུ་སྒྲོལ་མ་ཚེ་རིང་མཆོག་དང་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཡི་སྣེ་ཤན་པ་རྣམ་གཉིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་དྲུང་ཆེ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་ལས་སྣེ་གཙོས་རྒྱ་ཆེའི་མང་ཚོགས་བཅས་འདུ་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ངོ་སྤྲོད་གསུང་བཤད་དང་། བོད་ཀྱི་ཟློས་གར་ཚོགས་པ་ནས་ལྷ་གཞུང་རྒྱལ་སྲས་དད་པ་བརྟན་པའི་རྣམ་ཐར་འཁྲབ་སྟོན་གནང་།   མཛད་སྒོའི་དུས་སྟོན་དང་འབྲེལ་བའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གསུང་བཤད་གནང་བའི་ནང་བོད་ཀྱི་ལྷ་མོའི་ཟློས་གར་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གནས་རྒྱུན་སྲོལ་གྱི་ཁྱད་ཆོས་མང་པོ་ཡོད་པར་སོང་། ད་བར་རྒྱུན་གནས་ཐུབ་རྒྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་དང་བཀའ་ཤག་གི་ངོས་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ལྷ་མོའི་ཟློས་གར་རྒྱུན་གནས་ཐུབ་རྒྱུར་མུ་མཐུད་མཐུན་འགྱུར་གནང་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་གནང་ཡོད།  འདི་ལོའི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་འདི་ཕྱི་ཟླ་ ༤ ཚེས་ ༡༠ ནས་ ༢༢ བར་ཉིན་གྲངས་ ༡༣ རིང་སྲུང་བརྩི་ཞུས་པའི་ནང་ལྷ་ཚོགས་ཁག་ ༡༣ གྱིས་ལྷ་གཞུང་མི་འདྲ་བ་ཁག་ ༡༠ ཉིན་འཁྱོངས་གཟིགས་འབུལ་ཞུ་ཐུབ་པ་བྱུང་ཡོད། དེ་ཡང་ཀ་སྦུག་དང་ཨོ་རི་ས་ལྷ་མོ་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ནས་ལྷ་གཞུང་འགྲོ་བ་བཟང་མོ་དང་། བལ་ཡུལ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་ཆོས་རྒྱལ་དྲི་མེད་ཀུན་ལྡན། ལྕགས་ཟམ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་གཟིགས་ཀྱི་ཉི་མ། མ་སུ་རི་བོད་ཁྱིམ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་མཁན་སློབ་ཆོས་གསུམ། མན་སྤར་ལྷ་མོ་ཚོགས་པ་ནས་ལྷ་གཞུང་རྒྱལ་པོ་འཇིག་རྟེན་དབང་ཕྱུག ཀོ་ལེ་གྷལ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་གཅུང་པོ་དོན་ཡོན་དོན་གྲུབ། སྤེལ་ཀོབ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་པདྨ་འོད་འབར། བྷན་རྡ་ར་ལྷ་མོ་ཚོགས་པ་ནས་ལྷ་གཞུང་གཅུང་པོ་དོན་ཡོན་དོན་གྲུབ། ཅོན་ཏཱ་ར་བོད་ཁྱིམ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་མི་ལ་རས་པ། རྡ་སྟེང་བོད་ཁྱིམ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་གཟུགས་ཀྱི་ཉི་མ། མོན་གྷོ་ཊ་ལྷ་མོ་ཚོགས་པ་ནས་ལྷ་གཞུང་ཆོས་རྒྱལ་ནོར་བཟང་དང་། མཐར་ཕྱི་ཚེས་ ༢༢ ཉིན་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་རྒྱལ་སྲས་དད་པ་བརྟན་པ་བཅས་གཟིགས་འབུལ་ཞུས་ཏེ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ་ཐུབ་པ་བྱུང་ཡོད། 27th Shoton Festival concludes with special audience for…