བོད་ཀྱི་ཟློས་གར་རིག་གཞུང་མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་སླད་བོད་ཀྱི་ཟློས་གར་ཚོགས་ངོས་ནས་ཇི་ལྟར་གསོལ་འདེབས་སྐྱབས་འཇུག་ཞུ་དོན་བཞིན།

བོད་ཀྱི་ཟློས་གར་རིག་གཞུང་མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་སླད་བོད་ཀྱི་ཟློས་གར་ཚོགས་ངོས་ནས་ཇི་ལྟར་གསོལ་འདེབས་སྐྱབས་འཇུག་ཞུ་དོན་བཞིན། ༸སྐྱབས་རྗེ་གཏེར་ཆེན་ནམ་མཁའ་དྲི་མེད་རབ་འབྱམས་མཆོག་དང་༸སྐྱབས་རྗེ་འཇིགས་མེད་རིན་པོ་མཆོག་གི་ཐུགས་དགོངས་ཆེ་བཞེས་ཀྱིས་བོད་ཀྱི་ཟློས་གར་ཚོགས་པའི་ཟློས་དགེ་བསྟན་འཛིན་བྱང་ཆུབ་ལགས་དང་བསྟན་འཛིན་ཡོན་ཏན་ལགས། ཉམས་ཞིབ་པ་བསོད་ནམས་ཚེ་བརྟན། པར་ལེན་བསྟན་འཛིན་དཔལ་ལྡན་བཞི་པོ་ཨོ་ཌི་ཤ་ཕུན་གླིང་གཞིས་ཆགས་སུ་ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༡༥ ནས་ཟླ་ ༢ ཚེས་ ༠༡ བར་ཉིན་གྲངས་བཅོ་བརྒྱད་རིང་མཆོག་སྤྲུལ་ཀརྨ་ཤེས་སྒྲུབ་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་༸ཀུན་མཁྱེན་མི་ཕམ་རིན་པོ་ཆེ་མཆོག་གིས་མཛད་པའི་གླིང་བྲོ་བདེ་ཆེན་རོལ་མོ་དང་༸རྒྱལ་ཚབ་རྭ་སྒྲེང་རིན་པ་ཆེ་མཆོག་གིས་ཟུར་འཇུག་མཛད་པའི་ལེའུ་ཁག་དང་གླིང་བྲོའི་ལོ་རྒྱུས། འཕེལ་རིམ། དབྱངས་རྟ་དང་བྲོ་འཆམ། བྲོ་ཆས་སོགས་ཀྱི་སྐོར་སློབ་གཉེར་ལེགས་པར་བགྱིད་ཅིང་། ཕྱི་ཟླ་ ༢ ཚེས་ ༠༡ ཉིན་གཏེར་ཆེན་རིན་པོ་ཆེ་ཉིད་ཀྱི་དགོངས་གཏེར་ཚེ་སྒྲུབ་རྡོ་རྗེ་སྲོག་ཐིག་གི་སྒོ་ནས་ཚེ་དབང་དང་བཀའ་དྲིན་གཏང་རག་གི་མཎྜལ་འབུལ་མཛད་སྒོར་གཞིས་ཆགས་སུ་གླིང་བྲོ་ཚོགས་པའི་གླིང་བྲོ་བདེ་ཆེན་རོལ་མོའི་ལེའུ་བཞི་གཟིགས་འབུལ་སྐབས་བོད་ཀྱི་ཟློས་གར་ཚོགས་པའི་ཟློས་དགེ་གཉིས་མཉམ་ཞུགས་ཀྱིས་བྲོ་ཚན་ལེའུ་གཉིས་པ་ཕོ་རྒྱུད་དཔའ་བོའི་བྱིན་འབེབས་མི་རྗེ་སེང་ཆེན་ལྷ་ཡི་ནོར་བུ་དང་། ལེའུ་དྲུག་པ་དབང་མཛད་དགྲ་བླ། ལེའུ་བདུན་པ་བཀྲ་ཤིས་བྲོ་ཡི་བྲོ་ར། ལེའུ་བཅུ་གསུམ་བཀྲ་ཤིས་དབྱངས་སྙན་བཅས་གཟིགས་འབུལ་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་མ་ཟད་འདི་གའི་སྒྱུ་རྩལ་བ་རྣམས་ནས་མུ་མཐུད་རྒྱུན་འཛིན་སླད་ཟློས་དགེ་གཉིས་ལ་འཁྲབ་སྦྱོང་ཞུ་སྒོ་མཐའ་དག་སློབ་ཁྲིད་དང་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་བླ་བྲང་དང་ཨོ་གཞིས་གླིང་བྲོ་ཚོགས་པ་གཙོས་འབྲེལ་ཡོད་ལས་བྱེད་ཡོངས་ནས་མཐུན་འགྱུར་རོགས་རམ་འཐུས་ཚང་གནང་བར་བཀའ་དྲིན་ཆེ་ཞུ་བ་སྦྲགས་ཐེངས་འདིའི་གློང་བྲོའི་ཟབ་ཁྲིད་འདིས་བོད་ཀྱི་ཟློས་གར་ཚོགས་པར་གླིང་བྲོའི་འཁྲབ་གཞུང་མུ་མཐུད་རྒྱུན་སྐྱོང་ཐུབ་པར་ཕན་ཐོགས་ཆེན་པོ་བྱུང་།

བོད་ཀྱི་ཟློས་གར་དུ་སྒྱུ་རྩལ་སློབ་གཉེར་བ་གསར་འཇུག་གསལ་བསྒྲགས།

ཟློས་གར། ང་༢༠།༢༠༢༤། བོད་ཀྱི་ཟློས་གར་ཚོགས་པ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་འོག་བཙན་བྱོལ་དུ་ཕེབས་པ་ཐག་བོད་ཀྱི་མཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རིག་གཞུང་རྒྱུན་སྐྱོང་དང་གོང་སྤེལ་སླད་ཆེད་འཛུགས་གནང་བ་ལྟར། ད་བར་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་མཐུན་མོང་མ་ཡིན་པའི་འཁྲབ་སྟོན་གྱི་རིག་གཞུང་སྤྱི་དང་སྒོས་སུ་བོད་ཀྱི་ལྷ་མོའི་སྒྱུ་རྩལ་རིག་གཞུང་རྒྱུན་སྐྱོང་དང་དར་སྤེལ་གྱི་སྒོ་ནས་རང་རེའི་མི་རབས་གཞོན་པ་རྣམས་ལ་རྒྱུད་སྤྲོད་ཞུ་བའི་བྱ་བཞག་མི་དམན་ཙམ་སྒྲུབ་མུས་ལྟར། ད་ལན་འདི་ག་བོད་ཀྱི་ཟློས་གར་དུ་སྒྱུ་རྩལ་སློབ་གཉེར་བ་སློབ་ཕྲུག་བུ་ ༧ དང་བུ་མོ་ ༧ གསར་འཇུག་གི་གོ་སྐབས་འབུལ་རྒྱུ་ལགས་ན། རང་རེའི་གཞོན་སྐྱེས་ཁྲོད་བོད་ཀྱི་ཟློས་གར་རིག་གཞུང་དང་རོལ་དབྱངས་ལ་དོ་དབྱིངས་ཡོད་མཁན་རྣམས་ནས་འདི་ག་ཟློས་གར་སྒྱུ་རྩལ་སློབ་གཉེར་བ་གསར་འཇུག་ཁོངས་ཞུགས་བློ་མཆིས་ཚེ་གཤམ་གསལ་ཆ་རྐྱེན་ཚང་བའི་དོན་གཉེར་ཅན་རྣམས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༥ འགྱངས་མེད་དགོས་མཁོའི་ཡིག་ཆ་ཁག་དང་མཉམ་དུ་ཟློས་གར་སྤྱི་ཁྱབ་འགན་འཛིན་མཚན་ཐོག་སྙན་ཞུ་འབུལ་དགོས། དགོས་ངེས་ཆ་རྐྱེན། འདེམས་རྒྱུགས་ལས་རིམ། ཐུགས་སྣང་།        སྤྱི་ཁྱབ་འགན་འཛིན། གློག་འཕྲིན་ཁ་བྱང་། [email protected] འབྲེལ་གཏུགས་ཁ་པར་ཨང་།༨༨༩༤༩༩༦༦༤༦ (WhatsApp)

དབྱར་དུས་བོད་ཀྱི་ཟློས་གར་རིག་གཞུང་སྦྱོང་བརྡར་ལས་གཞི་ཐེངས་གཉིས་པ།

༄༅། །ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བཅར་བཞུགས་བོད་རིགས་ན་གཞོན་ཚོའི་ཕ་མ་ལྷན་རྒྱས་ལགས་སུ།                                                                                 གུས་གསོལ། འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་གཙོ་བཟུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མོའི་སྒྱུ་རྩལ་གཙོ་བོར་གྱུར་བའི་བོད་མིའི་སྲོལ་རྒྱུན་གྱི་གཞས་སྣ་ཁག་མི་ཉམས་རྒྱུན་འཛིན་དང་དར་སྤེལ་གྱི་ལས་དོན་གཉེར་བཞིན་ཡོད་མུས་ལྟར་། འདི་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་ན་གཞོན་རྣམས་ལ་རང་མི་རིགས་ཀྱི་རིག་གཞུང་རྒྱུད་འཇགས་ཡོང་རྒྱུར་དམིགས་ཏེ་བོད་ཀྱི་རྩ་ཆེའི་རིག་གཞུང་གཙོ་བོར་འགྱུར་བའི་བོད་མིའི་གོམས་གཞིས་བཟང་པོ་དང་བོད་ཀྱི་ཟློས་གར་སྒྱུ་རྩལ་ངོ་སྤྲོད། ཡུལ་ལུང་ཁག་གི་གཞས་སྣ། རོལ་ཆའི་རྣམ་གྲངས། ལྷ་མོ་དང་རྣམ་ཐར་སོགས་ལ་གོ་རྟོགས་སྤེལ་ཆེད་་ཕྱི་ལོ་ ༢༠༢༣ ལོར་ ༼དབྱར་དུས་བོད་ཀྱི་ཟློས་གར་རིག་གཞུང་སྦྱོང་བརྡར་ལས་གཞི།༽ཐེངས་དང་པོར་གོ་སྒྲིག་ཞུས་པ་བཞིན་སྐབས་དེར་མཉམ་བཞུགས་གནང་མཁན་གྱི་གཞོན་སྐྱེས་ཚོའི་ཁྲོད་དོ་དབྱིངས་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ཇི་བྱུང་ལ་གཞི་བཅོལ་ཏེ་འདི་ལོར་བསྐྱར་དུ་ལས་གཞི་གོ་སྒྲིག་ཞུ་འཆར་ལགས་ན། ལས་གཞིའི་ནང་མཉམ་ཞུགས་གནང་བློ་ཡོད་རིགས་རྣམས་ནས་ཐུགས་སྣང་དགོས་པའི་གནད་དོན་ཁག་གཅིག་ཟུར་བཏོན་ཞུས་པ་གཤལ་གསལ། ཀ།     ལས་གཞིའི་དུས་ཡུན། ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡ ནས་ ཚེས་ ༣༡ བར་ ཉིན་གྲངས་ ༣༡། ཁ།     ཐོ་འགོད་དུས་བཀག ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡ ནས་ ཟླ་ ༦ ཚེས་ ༡༥…