དབྱར་དུས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་ཐེངས་དང་པོ་དབུ་འཛུགས་གནང་བ།

ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༤ ཉིན་ཞོགས་པ་ཆུ་ཚོད་ ༡༠།༠༠ ཐོག་བོད་ཀྱི་ཟློས་གར་ཚོགས་པའི་གར་གླུའི་རིག་རྩལ་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པའི་གོ་སྒྲིག་འོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཏན་སྡོད་བོད་རིགས་ན་གཞོན་སྒྱུ་རྩལ་ཐོག་དོ་དབྱིངས་དང་འདུན་པ་ཡོད་མཁན་ཚོར་དབྱར་དུས་ཀྱི་དགུང་སེང་དང་སྟབས་བསྟུན་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་ཟབ་སྦྱོང་ཐེངས་དང་པོ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་དབུ་འབྱེད་ཐོག་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ངོ་དྲུང་ཆེ་མཆོག་ཆིབས་སྒྱུར་གནང་སོང་།  སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེ་མཆོག་གིས། སྤྱིར་བཏང་དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་གནང་མཁན་རྡ་སྟེང་བོད་ཁྱིམ་དང་ས་རཱ་མཐོ་སློབ་སོགས་མང་པོ་ཡོད་ཀྱང་། དེ་རིང་བོད་ཀྱི་ཟློས་གར་ཚོགས་པའི་གོ་སྒྲིག་ཞུས་པའི་ཟབ་སྦྱོང་འདི་ནི་ཧ་ཅང་གི་དམིགས་བསལ་དང་གལ་ཆེན་པོ་ཆགས་ཀྱི་ཡོད། དེའི་ནང་བོད་ཀྱི་ཟློས་གར་རིག་གཞུང་ཐོག་དམིགས་བསལ་གྱི་སློབ་ཁྲིད་གནང་གི་ཡོད་པར་སོང་ཚང་མས་དོ་སྣང་ཆེན་པོས་སློབ་སྦྱོང་གནང་རྒྱུ་གལ་ཆེན་པོོ་རེད། ཕ་མ་ཚོས་ཀྱང་བོད་ཀྱི་ཟློས་གར་རིག་གཞུང་གལ་ཆེར་འཛིན་ཏེ་རང་གི་ཕྲུ་གུ་ཟབ་སྦྱོང་དེའི་ཆ་ཤས་སུ་མཉམ་ཞུགས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྣམ་པ་ཚོའི་ངོས་ནས་རང་མི་རིགས་ཀྱི་ལོ་རྒྱུས་དང་ཕ་མེས་ཚོས་དཀའ་སྡུག་ཅི་ཞིག་མྱོང་བ་རྣམས་རང་གི་ཕྲུ་གུར་ངོ་སྤྲོད་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། གཞོར་དུ་ཟབ་སྦྱོང་ནང་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་དང་བོད་ཀྱི་རྒྱལ་གླུ་སློབ་ཁྲིད་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་འདུ་འཛོམས་གང་སར་བོད་རྒྱལ་ཁབ་ཆེན་པའི་རྒྱལ་གླུ་གཏོང་དགོས་ཀྱི་ཡོད་པར་བརྟེན་ཧ་ཅང་གི་ཕན་ཐོགས་ཡོད་ཅེས་བཀའ་སློབ་གནང་སོང་།    དེ་ནས་ཟློས་གར་འགན་འཛིན་སྐུ་ངོ་དོན་གྲུབ་ཚེ་ལགས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་ངོ་སྤྲོད་གནང་དོན། ཉེ་སྔོན་ཞིག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕ་མ་ཚོས་རང་གི་ཕྲུ་གུ་རྒྱ་གར་དུ་གུང་གསེང་ལ་འཁྲིད་གཞོར་བོད་ཀྱི་ཟློས་གར་ཚོགས་པར་བཅར་ཏེ་རོལ་ཆ་དང་ལྷ་མོ་སོགས་སློབ་ཁྲིད་གནང་རྒྱུའི་རེ་འདུན་ཞུ་མཁན་བྱུང་མུས་ཡིན་པར་སོང་ཕྱི་ལོ་ ༢༠༢༣ ཟླ་ ༣ པའི་ནང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དང་བོད་རིགས་སྤྱི་མཐུན་ཚོགས་པ། བོད་ཀྱི་ཟློས་གར་ངོ་དོབ་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་བརྒྱུད་གསལ་བསྒྲགས་སྤེལ་ཏེ་བོད་ཀྱི་ཟློས་གར་སྒྱུ་རྩལ་ཟབ་སྦྱོང་གི་སློབ་བསྡུ་གསལ་བརྡ་བཏང་བ་བཞིན། དེ་རིང་འདིར་དངོས་སུ་སློབ་ཕྲུག་བཅུ་མཉམ་ཞུགས་བྱུང་བར་འཚམས་འདྲི་གནང་བ་དང་། ཕ་མེས་ནས་བརྒྱུད་པའི་བོད་ཀྱི་རིག་གཞུང་བཟང་པོ་རྣམས་མི་རབས་རྗེས་མའི་རྒྱུན་འཛིན་བྱེད་དགོས་པར་སོང་ད་ལན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་བྱུང་བཞིན་པའི་ན་གཞོན་ཚོར་དམིགས་ཏེ་བོད་ཀྱི་ཟློས་གར་རིག་གནས་དང་སྒྱུ་རྩལ་ཐོག་ཟབ་སྦྱོང་སྤྲོད་རྒྱུའི་དམིགས་ཡུལ་འཛིན་ཡོད། ད་ལན་གྱི་ཟབ་སྦྱོང་འདི་ནི་བོད་ཀྱི་ཟློས་གར་ཚོགས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞོན་སྐྱེས་ཚོར་སྤེལ་བའི་ལས་འཆར་ཐེངས་དང་པོ་ཆགས་ཀྱི་ཡོད་པར་བརྟེན་ཟབ་སྦྱོང་གི་དུས་རིམ་འདི་ནས་བློ་བསྐྱེད་གང་མང་རག་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་སོང་།   སྤྱིར་དེ་རིང་གི་ཟབ་སྦྱོང་འདི་ནི་ཕྱི་ཟླ་…