ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་རྡ་སར་ཆེད་ཕེབས་སྐབས་གཞུང་འབྲེལ་ཕེབས་བསུའི་གསོལ་སྟོན་མཛད་སྒོ།
༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༡༨ ཉིན་བོད་དོན་ཐོག་ཚད་མཐོའི་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཚུང་གི་ཚོགས་གཙོ་སྐུ་ཞབས་ ( Michael McCaual) མཆོག་གི་སྣེ་ཁྲིད་འོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་(Nancy Pelosi) མཆོག་གིས་དབུས་པའི་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་རྡ་སར་ཆེད་ཕེབས་གནང་ཡོད་པ་བཞིན། དེ་ཉིན་གྱི་ཕྱི་དྲོའི་ཚོུད་ ༧ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ལ་ཆེ་མཐོང་ཞུ་བའི་གཞུང་འབྲེལ་ཕེབས་བསུའི་གསོལ་སྟོན་འདེགས་འབུལ་ཞུ་བའི་མཛད་སྒོ་ཞིག་འདི་ག་བོད་ཀྱི་ཟློས་གར་ཚོགས་པར་སྐོང་ཚོགས་ཞུས་ཡོད། ཆེས་མཐོའི་སྐུ་མགྲོན་རྣམ་པ་བོད་ཀྱི་ཟློས་གར་ཚོགས་པར་ཕེབས་བཅར་སྐབས་འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་ཕེབས་བསུའི་མཇལ་དར་སྒྲོན་ཏེ་སྒྱུ་རྩལ་བ་རྣམས་ནས་གྲོ་སོ་ཕྱེ་མར་དང་བཀྲིས་གཤོལ་པ་འཁྲབ་སྟོན་ཀྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས། ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་དང་སྐུ་འཁོར་ལྷན་རྒྱས་དང་ཨ་རི་གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད་ཁྱོན་བསྡོམས་ ༣༥ ཐོག་བོད་མིའི་སྒྲིག་འཛུགས་མཛད་གཙོ་ལྷན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུག་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་དང་ལྡི་ལི་དོན་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་བཅས་གཙོ་བོར་གྱུར་བའི་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་འཚམས་འདྲིའི་གསུང་བཤད་དང། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ཕེབས་སུའི་འཚམས་འདྲི་དང་བོད་ཀྱི་ཟློས་གར་ཚོགས་པ་ངོ་སྤྲོད་སྙིང་བསྡུས་གནང་རྗེས་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་གཟིགས་འབུལ་གཟབ་རྒྱས་ཞུས་བསྟུན་དགོང་ཚིགས་འདེབས་འབུལ་ཞུས། འདི་ག་བོད་ཀྱི་ཟློས་གར་ཚོགས་པ་ངོས་ནས་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་ཐང་ག་རེ་ཕུལ་གནང་མཛད། ཆེས་མཐོའི་སྐུ་མགྲོན་རྣམས་ནས་ཐུགས་དགྱེས་འཚོར་ཆེན་པོས་བོད་ཀྱི་རིག་གཞུང་ལ་ཡིད་རངས་བསྔགས་བརྗོད་གནང་བའི་ངང་ནས་ཕེབས་བསུའི་གསོལ་སྟོན་གཟབ་རྒྱས་ངང་ལེགས་གྲུབ་བྱུང་ཡོད་པ་བཅས། Dharamshala, 18 June 2024: A high-level US bipartisan Congressional delegation led by…