ཞོ་སྟོན་རྒྱས་པ་ཐེངས་ ༢༦ | SHOTON FESTIVAL 2023

བོད་རྒྱལ་ལོ་ ༢༡༥༠ ཆུ་མོ་ཡོས་ཀྱི་ལོ་ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ཞོགས་པ་ཚོུད་ ༩ ཐོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་བོད་ཀྱི་ཟློས་གར་ཚོགས་པའི་ཐུགས་འགན་རྐང་བཞེས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༦ པ་སྲུང་བརྩི་ཞུས་ཤིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཞབས་སོར་འཁོད་གནང་བསྐྱངས་པ་དང་། བོད་ཀྱི་ཟློས་གར་ཚོགས་པ་གཙོས་རྒྱ་བལ་ཨ་རི་བཅས་ནས་ཕྱོགས་མཐའི་ལྷ་མོ་ཚོགས་པ་ཁག་བཅིུག་གི་དགེ་རྒན་དང་འཁྲབ་སྟོན་པ་ཁྱོན་མི་གྲངས་བཞི་བརྒྱ་ཉེ་བ་དང་མི་མང་སྟོང་ཚོ་གཉིས་ཙམ་འདུ་འཛོམས་ཀྱིས་བོད་ཀྱི་ཞོ་སྟོན་དུས་ཆེན་སྲུང་བརྩི་གནང་སོང་། མཛད་སྒོ་དབུ་འཛུགས་གནང་སྐབས་དོ་རྭའི་ནང་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲི་སྟེང་དུ་གདན་འདྲེན་ཞུས་པ་དང་ལྷན་བོད་ཀྱི་ལྷ་མོའི་སྲོལ་འབྱེད་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དོ་རྭའི་ནང་གདན་ཞུས་གནང་སོང་། མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་བོད་ཀྱི་ཞོ་སྟོན་དུས་ཆེན་གྱི་ལོ་རྒྱུས་ངོ་སྤྲོད་དང་ལས་བསྡོམས་སྙན་སྒྲོན་གནང་རྗེས་ལྷ་མོ་ཚོགས་པ་ཁག་གིས་ལྷ་གཞུང་སྙིང་བསྡུས་སྐར་མ་སུམ་ཅུ་རེ་གཟིགས་འབུལ་གཟབ་རྒྱས་ཞུས་སོང་། དེ་བཞིན་སྐུ་མགྲོན་གཙོ་བོ་མཆོག་ནས་བོད་ཀྱི་ཨ་ལྕེ་ལྷ་མོ འི་སྒྱུ་རྩལ་ཐོག་མི་ཚེ་གང་བུར་རྒྱུན་སྲིང་བློས་གཏོང་གནང་མཁན་གྱི་ལྷ་དགེ་དང་གཏོང་ཕོད་ཅན་གྱི་སྤྱི་སྒེར་སྤྱིན་བདག་རྣམས་ལ་ཆེ་མཐོའི་ལེགས་སྐྱེས་གསོལ་བསྩལ་གནང་རྗེས་ལྷ་མོའི་འཁྲབ་སྟོན་པ་དང་རྒྱ་ཆེའི་མང་ཚོགས་རྣམས་ལ་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་གལ་གནད་དང་རྒྱུན་འཛིན་དར་སྤེལ་གནང་རྒྱུའི་གལ་འགངས་ཆེ་བའི་གསུང་གི་བདུད་བརྩིའི་བཀའ་སློབ་བཀའ་དྲིན་བསྐྱངས་ཏེ་དེ་མུར་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་འགན་འཛིན་ལས་རོགས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་རྗེས་བཀྲ་ཤིས་མཆོད་མཚམས་ཀྱིས་གཟིགས་མོ་རེ་ཞིག་གྲུབ་གནང་སོང་། མཛོད་སྒོའི་དབུ་འབྱེད་ཉིན་གཡུ་ལོ་སྔོན་པོའི་གསེར་མདོག་གིས་འོད་མདངས་རབ་ཏུ་འཕྲོ་ནའང་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བོད་ཀྱི་གཅེས་ནོར་ལྷ་མོའི་སྒྱུ་རྩལ་ལ་གདེང་འཇོག་ཆེན་པོས་དགའ་བསུ་དང་ཕྱོགས་མཐའི་ལྷ་མོ་ཚོགས་པའི་གཟིགས་ཕུད་ཉིན་འཁྱོངས་བར་ཆ་ཚང་གསན་གཟིགས་ཀྱིས་སྐུ་བཞུགས་གནང་བས་རྒྱ་ཆེའི་མང་ཚོགས་དང་སྒོས་སུ་ཕྱོགས་མཐའི་ལྷ་མོ་ཚོགས་པ་ཡོངས་ལ་མུ་མཐུད་ལྷ་མོའི་སྒྱུ་རྩལ་ནང་རྒྱུན་སྐྱོང་བྱ་རྒྱུར་བློ་སྐྱེད་དང་སེམས་འགུལ་ཤུགས་ཆེ་ཐེབས་སོང་། དེ་བཞིན་ཀུན་བདེ་གླིང་བླ་བྲང་ནས་ཧིན་སྒོར་འབུམ་གཅིག་དང་ཨ་རི་ལྕགས་ཟམ་ལྷ་མོའི་གླུ་གར་ཚོགས་པ་ནས་ཨ་སྒོར་ ༡༥༠༠ དང་ཨ་རི་ལྕགས་ཟམ་པའི་འགན་འཛིན་ཚེ་རིང་དབང་མོ་ལགས་ནས་ཧིན་སྒོར་འབུམ་ ༡ ཞབས་འདེབས་གསོལ་བསྩལ་གནང་བ་དང་། དེ་བཞིན་གདན་ས་ཆོས་སྒར་གཙོས་རྒྱ་ཆེའི་མང་ཚོགས་ནས་རང་ནུས་གང་ལྕོགས་ཀྱིས་ཞལ་འདེབས་རྒྱ་མི་ཆུང་བ་ཞིག་གསོལ་བསྩལ་གཏོང་ཕོད་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུས་སོང་། སྤྱིར་ཕྱི་ལོ་ ༡༩༩༣ ནས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐོག་མར་འགོ་འཛུགས་ཀྱིས་ད་བར་ཞོ་སྟོན་དུས་ཆེན་ཐེངས་ ཉེར་དྲུག་བར་སླེབས་ཡོད་ཀྱང་ད་ལན་བོད་ཀྱི་ཞོ་སྟོན་ཐོག་ཕྱོགས་མཐའི་ལྷ་མོ་ཚོགས་པ་ཁག་བཅིུག་མཉམ་ཞུགས་ཐུབ་པ་ནི་ད་བར་ཞོ་སྟོན་ནང་ལྷ་མོ་ཚོགས་མཉམ་ཞུགས་གནང་མཁན་ཆེས་མང་ཤོས་སུ་ངོས་འཛིན་བྱེད་བཞིན་འདུག…