Official Visit and Annual General Meeting of the Tibetan Institute of Performing Arts

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༨ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དྷ་ས་ཁྱབ་ཁོངས་སུ་འཚམས་གཟིགས་ཐེངས་གཉིས་པ་འགོ་འཛུགས་གནང་ཡོད་པ་དང་།  ཉིན་རྒྱབ་ཏུ་བོད་ཀྱི་ཟློས་གར་ཚོགས་པར་ཕེབས་འབྱོར་སྐབས་བཀྲ་ཤིས་གཞོལ་པ་འཁྲབ་སྟོན་དང་བཅས་སྲོལ་རྒྱུན་གྱི་ལམ་ནས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་དང་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས་ཚོགས་པའི་མཆོད་ཁང་ཕེབས་ནས་མར་མེ་ཞལ་ཕྱེ་དང་༸རྒྱལ་བའི་སྐུ་དཔར་མཐོང་སྒྲོལ་རིན་པོ་ཆེར་མཇལ་དར་དང་མཎལ་འདེགས་འདུས་དང་སྒྲུབ་ཐོབ་ཐང་སྟོང་རྒྱལ་པའི་འཇམ་སྐུ་ལ་མཇལ་དར་དང་མཇའ་ཁ་ཞུས།  དེ་རྗེས་ཡིག་ཚང་ལ་གཟིགས་ཞིབ་ཀྱིས་རྟེན་འབྲེལ་གསོལ་ཇ་བཞེས་ཏོག་འདེགས་འབུལ་རྗེས་སྒྱུ་རྩལ་བའི་སྡོད་ཁང་དང་ལས་ཤག་གསར་རྒྱག་འགྲོ་བཞིན་པའི་ལས་གཞི།  ཚོགས་པའི་གསོལ་ཚིགས་ཁང་དང་གསོལ་ཐབ་ཁང་ཉམས་གསོ་རྒྱ་སྐྱེད་ཟིན་པ་དང་འཚེམ་བཟོ་ཁང་བཅས་སུ་གཟིགས་སྐོར་གནང་གྲུབ་མཚམས་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ཡོད། དེ་ནས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་མཉམ་འཛོམས་ཀྱིས་ཐོག་མར་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་ད་རེས་དཔལ་ལྡན་སྲིད་སྐྱོང་མཆོག་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་ཕེབས་གཞོར་དང་བསྟུན་བོད་ཀྱི་ཟློས་གར་ཚོགས་པ་འདི་རྒྱ་གར་དབུས་ས་གཞུང་གི་ཁྲིམས་སྒྲིག་འོག་དེབ་བསྐྱེལ་ཞུས་པའི་ཚོགས་པ་ཞགས་ཡོད་པ་དང་།  ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ནས་འགན་ཁུར་བཞེས་བཞིན་པ་སོང་དེབ་སྐྱེལ་ཚོགས་པའི་ཁྲིམས་སྒྲིག་ལྟར་ལོ་འཁོར་ཚོགས་ཆེན་ཐེངས་གཅིག་ཚོགས་དགོས་ནའང་ད་བར་དེ་ལྟར་གནང་ལམ་བྱུང་མེད་པ་སོང་མ་འོངས་ལ་རྒྱ་གར་དབུས་སའི་ཁྲིམས་སྒྲིག་འོག་དཀའ་ངལ་མི་ཡོང་སླད་ད་རེས་གཞུང་འབྲེལ་འཚམས་གཟིགས་གོ་སྐབས་དང་བསྲྟུན་ནས་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་དང་པོ་ཚོོགས།  ལས་བསྡོམས་སྙིང་བསྡུས་དང་རྩིས་ཁྲ་བཅས་སྒྲོགས་སྦྱང་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་ཟློས་གར་ཚོགས་པར་ད་ལྟའི་འཆར་ས་ཆའི་བདག་དབང་རྐྱེན་པས་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་སྐོར་འགྲེལ་བརྗོད་གནང་བ་དང་། དེ་བཞིན་སྒྲིག་འཛུགས་གཅིག་ཡིན་པའི་རྗེས་ཁྲིམས་དང་སྒྲིག་གཞི་དགོས་གལ་དང་འབྲེལ་བོད་ཀྱི་ཟློས་གར་ཚོགས་པའི་ཁྲིམས་དང་སྒྲིག་གཞི་ཁག་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བརྒྱུད་གཏན་འབེབས་གནང་རྒྱུ་ཡིན་པའི་སྐོར་དང་། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་གཞིས་ཆགས་ཁག་ནང་འཛུགས་སྐྲུན་གྱི་ལས་གཞི་འདི་ནི་བོད་ཀྱི་འཐབ་རྩོད་རྒྱུན་གནས་དང་གཞིས་ཆགས་ཁག་སྲ་བརྟན་ཡོང་སླད་ཡིན་པ་མ་ཟད། ད་ལྟའི་འཆར་རྒྱ་གར་ནང་བོད་རིགས་གཞོན་སྐྱེས་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ཀྱིས་བོད་པའི་རིག་གཞུང་ལྟེ་གནས་ཁག་གི་ནང་བོད་ཕྲུག་གི་གྲངས་འབོར་ཉུང་དྲག་པའི་དཀའ་ངལ་བཅས་ཀྱི་སྐོར་ཡང་འགྲེལ་བརྗོད་གནང་བ་དང་། བོད་ཀྱི་ཟློས་གར་ཚོགས་པ་འདི་སྒྱུ་རྩལ་རིག་གཞུང་གཅེས་འཛིན་ལྟི་གནས་གལ་ཆེ་ཡིན་པ་བཙན་བྱོལ་ད་ཕེབས་པ་ཐག་༸གོང་ས་མཆོག་ནས་ཐོག་མ་ཆེད་འཛུགས་མཛད་པའི་སྒྲིག་འཛུགས་གལ་ཆེ་སོང་།   དེའི་ནང་ཕྱགས་ལས་གནང་མཁན་དགེ་ལས་དང་སྒྱུ་རྩལ་བ་རྣམས་ནས་བོད་མི་རིགས་ཀྱི་མཐོུང་མ་ཡིན་པའི་རིག་གཞུང་བཟང་པོ་འདི་རྒྱུན་འཛིན་གྱི་བྱ་བཞག་རླབས་ཆེན་ཞིག་གནང་བཞིན་པ་བརྟེན་མུ་མཐུད་ཚོགས་པའི་ནང་རྒྱུན་རིང་ཙམ་བཞུགས་ནས་སྒྱུ་རྩལ་གོང་སྤེལ་དང་ཡར་རྒྱས་རྒྱུན་གནས་ཐོག་དགོངས་པ་བཞེས་དགོས་པའི་ལམ་སྟོན་དང་འབོད་བསྐུལ་གནང་།   དེ་རྗེས་ཟློས་གར་ཚོགས་པའི་ཚོགས་མི་རྣམས་ནས་དོག་འདྲི་ཁག་ལ་ལས་འདེབས་གསལ་བཤད་གནང་རྗེས་ཚོགས་འདུའི་རྒྱལ་ཁའི་ངང་གྲོལ།  ‎དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས་དང་སྡེ་འགན་ཡེ་ཤེས་བསྟན་འཛིན།  དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། ས་གནས་འཐུས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཅས་ལྷན་བཅར་ཞུས་ཡོད་པ་བཅས།  On August 26, 2025, Honorable Sikyong Penpa Tsering of the Central Tibetan Administration conducted his…