བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༦ འཁོར་བའི་དུས་དྲན་དང་བསྟུན་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་བ།

༄༅། །བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོ། ཕྱི་ལོ་ ༢༠༢༥ ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་གྱི་མཛད་སྒོ་འདི་ཟླའི་ཚེས་ ༢༧ རེས་གཟའ་ལྷག་པ་༸རྒྱལ་བའི་ལྷག་དཀར་གྱི་དུས་ཚེས་ཁྱད་པར་ཅན་གྱི་ཕྱི་དྲོའི་ཚོུད་ ༣ ཐོག་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ་བསྐོང་ཚོགས་ཀྱིས་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྐོུ་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མིང་གི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆེས་མཐོའི་སྐུ་མགྲོན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་སྐོུ་ཡེ་ཤེས་དབང་མོ་མཆོག་བཅས་ཀྱིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དྲུང་ཆེ་དང་ལས་ཟུར་རྣམ་པ། རྡ་ས་ས་གནས་འགོ་འཛིན་གཙོས་པའི་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། ཟློས་ཟུར་ཚོགས་མི་རྣམ་པ་དང་། གཞན་ཡང་གདན་ཞུས་སྐུ་མགྲོན་བཅས་ལྷན་འཛོམས་ཐོག་ཉིན་དེར་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་པའི་དུས་ཆེན་དང་།  ༸རྒྱལ་བའི་གོ་སྟོན།  བྱམས་བརྩེའི་ལོ་བཅས་དུས་སྟོན་གསུམ་འཛོམས་ལ་རྟེན་འབྲེལ་ཞུ་བའི་སྔོན་འགྲོར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་དུས་དྲན་ངོ་སྤྲོད་ཀྱི་གསུང་བཤད་དང་། སྒྱུ་རྩལ་སློབ་ཁྲིད་འགན་འཛིན་ལས་རོགས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་སྒྱུ་རྩལ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་གཟུ་དཔང་རྣམས་ངོ་སྤྲོད་གནང་ཏེ་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐྱང་གཞས་དང་། འཁྲབ་གཞས་དང་གཏམ་བརྗོད་བཅས་འགྲན་བསྡུར་གྱི་ལམ་ནས་དུས་སྟོན་སྲུང་བརྩི་ཞུས་ཡོད་ཅིང་། དལན་གྱི་དབྱར་སྐྱིད་གཞས་སྣ་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཁ་ནི་རྒྱ་ལུ་རུ་ཁག་གིས་རྒྱལ་ཁ་བླངས་ཡོད་པ་རེད། དེ་ནས་ཆེས་མཐོའི་སྐུ་མགྲོན་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་འདི་གའི་རྨང་གཞིའི་སྦྱོང་བརྡར་གྱི་ཡིག་རྒྱུགས་འཕྲོད་པའི་སྒྱུ་རྩལ་བ་རྣམས་ལ་མཇལ་དར་དང་ཕྱག་འཁྱེར་བསྩལ་གནང་བ་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཟུར་དཔང་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་དང་ལེགས་སྐྱེས་གནང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབྱར་སྐྱིད་འགྲན་བསྡུར་གྱི་བྱ་དགའ་ཐོབ་མཁན་ལ་ལེགས་སྐྱེས་བྱ་དགའ་གསོལ་བསྩལ་བཅས་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པ་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྤྱི་དང་། ཡང་སྒོས་བོད་ཀྱི་ཟློས་གར་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་གནང་སླད་གསར་འཛུགས་གནང་བ་བཞིན་མི་རབས་རྒན་པ་རིམ་བྱོན་གྱིས་བོད་ཀྱི་ཟློས་གར་ཚོགས་པ་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུས་ཡོད་པས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་མི་རབས་རྒན་པ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་དགོས་པའི་སྐོར་གཞེན་སྐུལ་དང་སྦྲགས།  འདི་ལོའི་དབྱར་སྐྱིད་དུས་སྟོན་འདིར་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེ་ལོ་སྲུང་བརྩི་ཞུ་རྒྱུའི་དོན་དུ་བྱམས་བརྩེའི་བརྗོད་གཞི་ཐོག་འཁྲབ་སྟོན་བྱས་པའི་གཏམ་བརྗོད་དེས་ཚང་མར་མིག་ཆུ་ཤོར་དགོས་པ་སེམས་ལ་ཚོར་སྣང་ཆེན་པོ་ཞིག་བྱུང་སོོང་།   བོད་ཀྱི་ཟློས་གར་ཚོགས་པའི་ནང་བོད་ཀྱི་རྐང་བྲོ་གླུ་གཞས་ཐོག་སྦྱངས་རྩོན་གནང་སྟེ་ཟློས་གར་ནས་ཐོན་རྗེས་འཛམ་གླིང་ས་ཕྱོགས་གང་སར་གནས་ཡོད་པའི་ཟློས་ཟུར་རྣམས་ནས་རང་ཉིད་གནས་ཡུལ་ཀྱི་ས་གནས་སོ་སོར་བོད་ཀྱི་ཟློས་གར་རིག་གཞུང་སློབ་ཁྲིད་ཀྱིས་རྒྱུན་འཛིན་གནང་ཐུབ་པ་དེ་ཡང་རྨང་གཞི་ཚོགས་པ་འདིའི་ནང་སྦྱང་བརྩོན་བྱས་གྲུབ་འབྲས་ཆགས་ཡོད་པས་དེ་དག་མུ་མཐུད་རྒྱུན་འཛིན་གྱིས་མི་རབས་གཞོན་པ་ཚོར་སློབ་ཁྲིད་གནང་བ་ལ་བསྔགས་བརྗོད་དང་། གཞི་རྩའི་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ནང་སློབ་མ་གསར་འཇུག་ཐད་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་སྤྱི་མཚུངས་ལྟར་འདི་ག་ཟློས་གར་ལ་ཡང་སློབ་མ་གསར་འཇུག་ལ་དཀའ་ངལ་ཡོད་ཀྱང་། ད་ལན་སློབ་མ་གསར་འཇུག་གི་སྒྲིག་གཞི་དང་འབྲེལ་བའི་གནད་དོན་ཐོག་བསྐྱར་བཅོས་ཕྲན་བུ་ཞིག་བྱས་ཡོད་སྟབས། མ་འོངས་པར་འཛུགས་ཞུགས་བྱེད་མཁན་མང་དུ་ཡོང་བའི་རེ་བ་ཡོད་པ་དང་། ད་ཡོད་ཟློས་གར་ཚོགས་པའི་དགེ་ལས་ཚོགས་མི་ཡོངས་ནས་ཚོགས་པ་འདིའི་ནང་དུས་ཡུན་མང་ཙམ་ཞབས་ཞུ་བསྒྲུབ་གནང་དགོས་པའི་འབོད་སྐུལ་ཀྱང་གནང་ཡོད། TIPA’s 66th Anniversary Marked with Yarkyi Competition and Celebration of Compassion On the 11th day…