ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༨ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་བོད་ཀྱི་ཞོ་སྟོན་དུས་སྟོན་ཐེངས་ ༢༩ པའི་དབུ་འབྱེད་མཛད་སྒོ་ཚོགས་གནང་སོང་།
སྔ་དྲོ་ཚོུད་ ༩།༠༠ ཐོག་ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་གྲོང་དང་པོའི་ཉེ་འཁྲིས་སུ་ཆགས་པའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ་བོད་ཀྱི་ཞོ་སྟོན་དུས་སྟོན་གྱི་དབུ་འབྱེད་མཛད་སྒོ་ཚོགས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་སྔ་འགྱུར་རྙིང་མའི་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་འཇིགས་མེད་རིན་པོ་ཆེ་མཆོག དེ་བཞིན་རི་པ་བླ་བྲང་གི་སྐུ་འཁོར་ལྷན་རྒྱས་དང་། ༸སྐྱབས་རྗེ་གསང་གྲོལ་རིན་པོ་ཆེའི་མཁའ་འགྲོ་མཆོག བདུད་འདུལ་རབ་རྒྱས་གླིང་དགོན་པའི་དབུ་འཛིན་བླ་མ་བསོད་ནམས་བཀྲ་ཤིས་ལགས་དང་ས་ས་གནས་འགོ་འཛིན་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་བཅས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལྔ་བརྒྱ་ལྷག་འདུ་འཛོམས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༩ དབུ་འབྱེད་མཛད་སྒོ་ཚོགས་གནང་སོང་། ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་དབུ་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ཞོ་སྟོན་དུས་ཆེན་གྱི་བྱུང་རིམ་དང་མཛད་སྒོའི་འཚམས་འདྲིའི་ངོ་སྤྲོད་གསུང་བཤད་ནང་། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཡི་དགུང་གྲངས་ ༩༠ བཞད་པའི་གོ་སྟོན་རྟེན་དང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་ཡོད་པར་སོང་། འདི་ག་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་འདི་ལོའི་བོད་ཀྱི་ཞོ་སྟོན་དུས་སྟོན་དེ་ཡང་བྱམས་བརྩེའི་ལོ་སྲུང་བརྩི་དང་འབྲེལ་ནས་ཨོ་གཞིས་ཕུན་ཚོགས་གླིང་གཞིས་ཆགས་སུ་གོ་སྒྲིག་ཞུ་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་ནས་བོད་ཀྱི་གནའ་བོའི་ཐུན་མོང་མ་ཡིན་པའི་ཞོ་སྟོན་དུས་སྟོན་འདི་ཨོ་གཞིས་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་ཚོགས་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་བ་དང་། ལྷག་དོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ལྷ་མོའི་ཟློས་གར་ཐོག་ཐུགས་སྣང་ཆེན་པོ་གནང་གི་ཡོད་པར་སོང་། ད་བར་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་ཐུབ་པ་ནི་ཧ་ཅང་གི་ཡག་པོ་བྱུང་འདུག དེ་བཞིན་དེ་རིང་ཞོ་སྟོན་ནང་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཞིག་གཟིགས་འབུལ་ཞུས་པར་དགའ་པོ་ཞེ་དྲགས་བྱུང་སོང་། གཞོན་སྐྱེས་ཚོའི་བོད་ཀྱི་རིག་གཞུང་བདག་གཅེས་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་བཀའ་སློབ་ཕེབས་སོང་། ཞོ་སྟོན་དངོས་གཞིའི་གཟིགས་ཕུད་སྐབས་དང་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་རྔོན་པའི་འདོན་བརྒྱབ་རྗེས་ལྷ་མོའི་སྐྱིད་སྡུག་རེ་མོས་ཀྱིས་ལྷ་གཞུང་སྙིང་བསྡུས་རེ་གཟིགས་ཕུད་ཞུས་སོང་། སྐབས་དེར་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ལྷ་མོ་ཚོགས་པས་ལྷ་གཞུང་གཅུང་པོ་དོན་ཡོད་དོན་གྲུབ་དང་། ཅོན་རཱ་ར་བོད་ཁྱིམ་གྱིས་ལྷ་གཞུང་ཁྱེའུ་པདྨ་འོད་འབར། རྡ་སྟེང་བོད་ཁྱིམ་གྱིས་ལྷ་གཞུང་ས་སྐྱ་པཎྜི་ཏའི་རྣམ་ཐར། སྦན་རྡ་ར་ལྷ་མོ་ཚོགས་པས་ལྷག་ཞུང་རྒྱ་བཟའ་བལ་བཟའ། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ལྷ་མོ་ཚོགས་པས་ལྷ་གཞུང་འགྲོ་བ་བཟང་མོ། ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས་ལྷ་མོ་ཚོགས་པས་ལྷ་གཞུང་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་སྙིང་བསྡུས་རེ་གཟིགས་ཕུད་ཞུས་སོང་། ལྷ་གཞུང་གཟིགས་ཕུད་གྲུབ་རྗེས་༸སྐྱབས་རྗེ་འཇིགས་མེད་རིན་པོ་ཆེ་མཆོག་ནས་བཀའ་སློབ་བཀྲིན་བསྩལ་སྐབས། བོད་ཀྱི་རིག་གཞུང་རྒྱུན་འཛིན་གནང་རྒྱུ་འདི་མི་ཐོག་རྒན་པ་གཅིག་པུ་མ་ཡིན་པར་མི་རབས་གཞོན་པ་ཚོས་བོད་ཀྱི་སྐད་ཡིག་གཙོས་བོད་ཀྱི་རིག་གཞུང་གླུ་བྲོ་གར་གྱི་ཟློས་གར་གང་ཡོད་པ་རྣམས་གཅེས་འཛིན་གནང་རྒྱུའི་འགན་འཁྲི་བབ་ཡོད། བླ་མ་དང་ཆོས་པ་ཚོས་ཆོས་ཉམས་ལེན་དང་བསྟན་པ་འཛིན་སྐྱོང་གནང་རྒྱུའི་ཐུགས་འགན་བཞེས་ཀྱི་ཡོད་སྟབས། མི་མང་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ཕེབས་གྲུབ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་སྟེ་བོད་ཀྱི་ཟློས་གར་ཚོགས་པའི་བཀྲ་ཤིས་མཆོད་མཚམས་ཀྱི་ལེའུ་གཟིགས་འབུལ་ཞུས་ཏེ་དབུ་འབྱེད་མཛད་སྒོའི་ལས་རིམ་རྒྱལ་ཁའི་ངང་གྲུབ་སོང་། སྤྱིར་བོད་ཀྱི་ཞོ་སྟོན་ནང་མཉམ་ཞུགས་གནང་མཁན་ལྷ་མོའི་ཚོགས་པ་ཁག་བཅུ་གཉིས་ཙམ་ཡོད་ཀྱང་ད་ལན་སྐྱིད་སྡུག་འགའ་རེས་དམིགས་བསལ་དཀའ་ངལ་གྱི་རྐྱེན་པས་ཞོ་སྟོན་ནང་མཉམ་ཞུགས་གནང་ཐུབ་མེད་པ་དང་།དེའི་ཁོངས་སུ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ལྷ་མོ་ཚོགས་པ། བལ་ཡུལ་ལྷ་མོ་ཚོགས་པ།…


