༄༅། །བོད་ཀྱི་ཟློས་གར་ཚོགས་པས་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་ཆེད་ཨོ་གཞིས་ཕུན་ཚོགས་གླིང་རྒྱ་ཆེའི་མང་ཚོགས་ལ་བོད་ཀྱི་རིག་གཞུང་གཞས་སྣ་དང་གཏམ་བརྗོད་གཟིགས་འབུལ་གཟིགས་ཞུས་གནང་སོང་།

      འདི་ལོར་བོད་ཀྱི་ཟློས་གར་ཚོགས་པ་ཞོ་སྟོན་རྒྱས་པ་ཐེངས་ ༢༩ པ་ཨོ་གཞིས་ཕུན་ཚོགས་གླིང་གཞིས་ཆགས་སུ་བསྐོང་ཚོགས་ཞུ་བའི་གོ་སྐབས་དང་བསྟུན། ས་གནས་སུ་བཞུགས་པའི་མི་རབས་རྒན་གྲས་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་། ས་གནས་སུ་བཞུགས་ཏེ་བོད་མིའི་བསྟན་དོན་སྨིན་པའི་བྱ་བ་དང་གཞིས་ཆགས་སྲ་བརྟན་ཡོང་རྒྱུར་དམིགས་ཏེ་ལས་དོན་འདྲ་མིན་བརྩམས་དང་རྩོམ་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཡང་སྒོས་འདི་ལོར་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པར་སོང་འདི་ནས་བོད་མི་གནས་ཡུལ་ས་གནས་འགའ་རེ་བཅར་ཏེ་རིག་གཞུང་འཁྲབ་སྟོན་དང་གཏམ་བརྗོད་གཟིགས་འབུལ་ཞུ་རྒྱུའི་འོག་གྲབས་ཞུས་ཡོད།     ཁ་ཉིན་ཕྱི་ཚེས་ ༢༡ དང་ ༢༢ ཉིན་གཉིས་རིང་ཨོ་གཞིས་ཕུན་ཚོགས་གླིང་གཞིས་གྲོང་པའི་ཉེ་འཁྲིས་སུ་ཆགས་པའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མདུན་ཐང་དུ་ཕྱི་དྲོ་ཚོུད་ ༧།༠༠ ཐོག་སྐུ་མགྲོན་གཙོ་བོར་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རི་དགོན་ཐུབ་བསྟན་སྨན་སྒྲོལ་གླིང་གི་བསྟན་བདག་༸སྐྱབས་རྗེ་འཇིགས་མེད་རིན་པོ་མཆོག་དང་དམིགས་བསལ་སྐུ་མགྲོན་༸སྐྱབས་རྗེ་དགྱེས་པ་རྡོ་རྗེ་རིན་པོ་ཆེ་མཆོག་གདན་ཞུ་གནང་བ་དང་། དེ་བཞིན་ཨོ་གཞིས་ས་གནས་མི་མང་ལྔ་བརྒྱ་ལྷག་འདུ་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པའི་ཉིན་དང་པོར་བོད་ཀྱི་གནའ་བོའི་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས་པ་དང་། ཉིན་གཉིས་པར་བོད་ནང་གི་དངོས་ཡོད་གནས་སྟངས་མཚོན་པའི་གཏམ་བརྗོད་བཙན་གནོན་འོག་གི་བོད་ཅེས་པ་གཉིས་གཟིགས་འབུལ་ཞུས་སྐབས་སྐུ་མགྲོན་གཙོ་ས་གནས་འགོ་འཛིན་མཆོག་དང་ས་གནས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་དང་རྒྱ་ཆེའི་མང་ཚོགས་རྣམས་ནས་དགའ་སྐྱོ་འདྲེས་པའི་ཚོར་བ་དང་བཅས་བསྔགས་བརྗོད་ཆེན་པོ་གནང་བ་དང་། སྐུ་མགྲོན་གཙོ་བོ་མཆོག་ནས་ད་ལན་བོད་ཀྱི་ཟློས་གར་ཚོགས་པས་ཨོ་གཞིས་ས་གནས་སུ་འདི་ལྟར་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་སོང་།      གཞི་རྩའི་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། ཡང་སྒོས་ལྷ་མོའི་ཟློས་གར་རིག་གནས་རྒྱུན་འཛིན་བྱེད་མུས་ཡིན་ཀྱང་། ད་ལན་ས་གནས་སུ་འདི་ལྟར་འཁྲབ་སྟོན་ཞུ་བའི་དམིགས་ཡུལ་ནི་༸མགོན་པོ་གང་ཉིད་སྐུ་ཡི་དགུང་གྲངས་དགུ་བཅུ་བཞད་པའི་གོ་སྟོན་སྲུང་བརྩི་དང་། གཞིས་ཁོངས་སུ་མི་རབས་གཞོན་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཐོག་ཐུགས་སྣང་དང་རྒྱུན་འཛིན། བོད་ནང་གི་དངོས་ཡོད་གནས་སྟངས་སོགས་རྒྱུན་མངའ་ཡོང་རྒྱུར་དམིགས་ཏེ་གཟིགས་འབུས་ཞུས་གནང་སོང་། དེ་བཞིན་ས་གནས་སུ་བཞུགས་མཁན་མི་རབས་རྒན་པ་ཚོའི་དགའ་དད་སྤྲོ་གསུམ་གྱི་འཚམས་འདྲི་དང་བསྔགས་བརྗོད་གནང་ཞིང་། མུ་མཐུད་བོད་ཀྱི་རིག་གཞུང་བྱ་གཞག་ཐད་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་ཐུགས་རེ་གནང་བཞིན་འདུག    ད་ཐེངས་ཀྱི་འཁྲབ་སྟོན་འདི་བརྒྱུད་ནས་གཞིས་ཆགས་ཁག་ཏུ་བཞུགས་པའི་མི་རབས་གཞོན་པ་ཚོས་བོད་ཀྱི་རིག་གཞུང་ལ་དོ་སྣང་སྔར་ལྷག་ཡོང་རྒྱུའི་གོ་སྐབས་བྱུང་བ་དང་། མང་ཚོགས་ཀྱི་ངོས་ནས་ཀྱང་ལོ་ངོ་མང་པོའི་རྗེ་སུ་བོད་ཀྱི་ཟློས་གར་ཚོགས་པ་འཁྲབ་སྟོན་དུ་བཅར་ཐུབ་པར་དགའ་བསུ་དང་ཡིད་རང་ཆེན་པོ་གནང་སྟེ་ད་ལན་གྱི་རིག་གཞུང་འཁྲབ་སྟོན་དང་གཏམ་བརྗོད་གཟིགས་འབུལ་དེ་གཉིས་དོན་སྙིང་ལྡན་པ་ཞིག་བྱུང་སོང་། TIPA Showcases Cultural Excellence at…