༄༅། །བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༩ པའི་མཇུག་སྡོམ་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་གནང་སོང་།
ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ ཐོག་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༩ པའི་མཇུག་སྡོམ་མཛད་སྒོ་ཨོ་གཞིས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་འཚོགས་གནང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྔ་འགྱུར་རྙིང་མའི་བྱེས་ཀྱི་གདན་ས་བདུད་འདུལ་རབ་བརྟན་གླིང་གི་དབུ་འཛིན་བླ་མ་བསོད་ནམས་བཀྲ་ཤིས་མཆོག་དང་། དམིགས་བསལ་སྐུ་མགྲོན་རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཨོ་གཞིས་ས་གནས་འགོ་འཛིན་སྐོུ་ཀརྨ་བློ་གྲོས་བཟང་པོ་ལགས། དགོན་སྡེ་གྲྭ་ཚང་ཁག་གི་སྐྱབས་གནས་བླ་སྤྲུལ་དང་དགེ་འདུན་རྣམས་པ། ཆེས་མཐོའི་སྐུ་མགྲོན་ཧི་མ་ཅལ་བཅའ་བཞུགས་ (Dr. Khushal Sharma – Rank DIG – IPS) མཆོག་དང་ཁོང་གི་སྐུ་འཁོར་ལྷན་རྒྱས། ས་གནས་གྲོས་ཚོགས་དང་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སློབ་གྲྭ་ཁག་གི་སློབ་སྤྱི་བཅས་རྒྱ་ཆེའི་མང་ཚོགས་ལྔ་བརྒྱ་ལྷག་འདུ་འཛོམས་ཀྱིས་བོད་ཀྱི་ཞོ་སྟོན་དུས་ཆེན་གྱི་མཇུག་སྡོམ་མཛད་སྒོ་སྲུང་བརྩི་གནང་སོང་། མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས་ཞོ་སྟོན་མཇུག་སྡོམ་མཛད་སྒོའི་གསུང་བཤད་ནང་། ད་ལན་ཨོ་གཞིས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེ་ལོ་བསྟུན་དུས་སྟོན་སྲུང་བརྩི་ཞུ་རྒྱུར་འབད་བརྩོན་ཞུས་པ་ལྟར་བཀྲིས་ལོ་ལེགས་ངང་མཇུག་བསྒྲིལ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་བཀའ་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་ཁྱེའུ་པདྨ་འོད་འབར་གྱི་རྣམ་ཐར་འཁྲབ་སྟོན་གཟབ་རྒྱས་ཞུས་གནང་སོང་། མཛད་སྒོའི་མཇུག་སྡོམ་སྐབས་སྐུ་མགྲོན་གཙོ་བོ་མཆོག་ནས་ལྷ་མོའི་ཟློས་གར་གྱི་བྱུང་རིམ་རགས་བསྡུས་ངོ་སྤྲོད་གནང་བ་དང་། སྤྱི་ཚོགས་ཁྲོད་བོད་ཀྱི་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་པ་ཚོར་རྒྱ་ཆེའི་མང་ཚོགས་ནས་ཆེ་མཐོང་དང་ངོས་འཛིན་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་ཀྱི་ལྷ་མོའི་ཟློས་གར་འདི་ནི་རང་མི་རིགས་ཀྱི་ངོ་བོ་མཚོན་ཐབས་ཤིག་ཡིན་པས་ཀུན་གྱིས་ཐུགས་སྣང་དགོས་པའི་བཀའ་སློབ་བཀའ་དྲིན་བསྐྱངས་གནང་སྟེ་བོད་ཀྱི་ཞོ་སྟོན་དུས་སྟོན་ཐོག་མཉམ་བཞུགས་གནང་མཁན་གྱི་འཁྲབ་སྟོན་པ་ཡོངས་ལ་མཇལ་དར་དང་ཕྱག་རྟགས་ལེགས་གསོལ་འབུལ་གནང་བ་དང་། ཞོ་སྟོན་དུས་རིམ་སྐབས་ཕྱག་རོགས་གནང་མཁན་སྤྱི་སྒེར་ཡོངས་ལ་ཐུགས་རྗེ་ཆེའི་མཇལ་དར་དང་ཕྱག་རྟགས་ཕུལ་གནང་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་ཨོ་གཞིས་ས་གནས་འོག་འཛིན་མཆོག་ནས་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཞུས་ནས་ལྷ་མོའི་སྐྱིད་སྡུག་ཁག་རེ་རེར་སྒོར་འབུམ་གཅིག་རེ་ཕྱག་རྟགས་གསོལ་བསྩལ་གནང་བ་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ལྷ་མོའི་སྐྱིད་སྡུག་ཁག་མུ་མཐུད་རྒྱུན་གནས་སྲ་བརྟན་དང་འཛིན་སྐྱོང་སྤེལ་གསུམ་ཡོང་རྒྱུར་དམིགས་ཏེ་ཞལ་འདེབས་གསོལ་བསྩལ་སྒོར་ཁྲི་བདུན་རེ་གནང་སོང་།…


