༄༅། །བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༧ འཁོར་བའི་དུས་སྟོན་སྲུང་བརྩི་དང་འབྲེལ་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་རྒྱལ་ཁའི་ང་གྲུབ་སོང་།
ཕྱི་ལོ་ ༢༠༢༦ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༧ འཁོར་བའི་དུས་སྟོན་མཛད་སྒོ་རེས་གཟའ་མིག་དམར་ཉིན་རྒྱབ་ཚོུད་ ༢།༠༠ ཐོག་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ་སྐོང་ཚོགས་གནང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཆོའི་ཁྲིམས་ཞིབ་པ་ཆེ་བ་སྐུ་ངོ་ཡེ་ཤེས་དབང་མོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་དྲུང་ཆེ། ལས་ཟུར་རྣམ་པ། རྒྱ་གར་དབུས་གཞུང་གི་སྐུའི་སྣེ་ཤན་པའི་ལས་ཁུངས་ཀྱི་སྐུ་ཚབ་བསྟན་འཛིན་ཆོས་འཛོམས་ལགས་དང་ཕྱགས་རོགས་ Amit Sharma ལགས་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ཟློས་ཟུར་ཚོགས་མི་རྣམ་པ། གཞན་ཡང་གདན་ཞུས་སྐུ་མགྲོན་བཅས་འདུ་འཛོམས་ཀྱིས་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་གནང་སོང་། དེ་ཉིན་མཛད་སྒོའི་ཐོག་མར་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་ཕྲག་གཅིག་གིས་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེ་མཆོད་ཕུལ་བར་གདུང་སེམས་མཉམ་སྐྱེད་ཀྱིས་མྱ་ངན་གུས་བཏུད་སྐར་མ་གཅིག་གནང་སོང་། དེ་རྗེས་མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་དང་། སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་ཟུར་དཔང་རྣམས་ངོ་སྤྲོད་གནང་རྗེས་དབྱར་སྐྱིད་རྐང་བྲོ་གླུ་གཞས་ཀྱི་འགན་བསྡུར་དངོས་གཞི་དབུ་འཛུགས་གནང་སོང་། ཐེངས་འདིའི་རུ་ཁུག་གཉིས་ཀྱི་འགྲན་བསྡུར་ནང་རྐྱང་གཞས་གོ་སྟོན་བརྟན་བཞུགས་བསྟོད་དབྱངས་དང་། གར་གླུ་ཁ་ཆེའི་མཆོད་དང་གར་གླུ་བཀྲ་ཤིས་གངས་དཀར་རྩེ། མངའ་རིས་བར་ཀྱོག་གི་འཁྲབ་གཞས་བྱ་དེ་ཁྱུ་བྱུག་སྔོན་མོ་དང་ལྷོ་ཁའི་འཁྲབ་གཞས་ཉི་མ་ཤར་གྱི་ཕྱོགས་ནས་ཤར་ཡོང་། འབའ་ལིང་ཐང་གི་འཁྲབ་གཞས་འཛམ་གླིང་གསེར་གྱི་ཉི་མ་དང་ཁམས་སྡེ་དགེེའི་བྲོ་ས་སྐྱིད་ཡག་མོ་བཅས་ལེའུ་བརྒྱད་གཟིགས་འབུལ་གནང་སྟེ་མཐར་ཕྱོགས་བསྡོམས་བརྒྱ་ཆ་གཅིག་གིས་རྒྱ་ལུ་རུ་ཁག་རྒྱལ་ཁ་ཐོབ་པར་སོང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་སྐུ་ངོ་ཡེ་ཤེས་དབང་མོ་མཆོག་ནས་བྱ་དགའ་ཐོབ་མཁན་གྱི་རུ་ཁག་བྱ་དགའ་གསོལ་བསྩལ་གནང་བ་དང་། དམིགས་བསལ་སྐུ་མགྲོན་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ནས་ཟུར་དཔར་རྣམས་དང་བོད་ཀྱི་ཟློས་གར་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་བྱུང་བའི་སློབ་མ་གཉིས་ལ་ཕྱག་འཁྱེར་གསོལ་བསྩལ་གནང་སོང་། སྐབས་འདིར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ནས་བཀའ་སློབ་ནང་། བོད་དུ་དུས་རབས་མང་པོའི་གོང་ནས་ཟློས་གར་སྒྱུ་རྩལ་དར་ཡོད་པ་ནི་དུས་རབས་བདུན་པའི་སྐབས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཐོན་མི་སམ་བྷོའི་སྐུ་དུས་སུ་ཟློས་གར་ཞེས་པའི་ཐ་སྙད་རིམ་པས་བྱུང་ཡོད་པ་དང་།རྒྱལ་ཐོག་སོ་གཉིས་པ་གནམ་རི་སྲོང་བཙན་སྐབས་བློན་པོ་རྣམས་ལ་བསྟོད་པ་འབུལ་སྐབས་གླུ་དབྱངས་ཀྱི་ལམ་ནས་འབུལ་སྲོལ་སོགས་གནའ་སྔ་མོ་ནས་བྱུང་ཡོད། དེ་བཞིན་བོད་ཀྱི་ལྷ་མོའི་ཟློས་གར་འདི་ནི་དུས་རབས་བཅུ་བཞིའ་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་ཅིང་སྐབས་དེར་འཕྱོངས་རྒྱས་བུ་མོ་སྤུན་བདུན་གྱིས་ལྷ་མོ་འཁྲབ་པ་དང་གྲུབ་ཆེན་རང་ཉིད་ནས་རྔ་སྦུབ་དཀྲོལ་ཏེ་གསར་གཏོད་གནང་བཞེད་རྒན་རབས་ཚོའི་གསུང་རྒྱུན་དུ་གྲགས། དེ་ལྷན་ནང་མ་དང་སྟོད་གཞས་ནི་ཐོག་མར་སྟོད་མངའ་རིས་ནས་དར་ཞིང་། རིམ་པས་དབུས་གཙང་གི་ཕྱོགས་སུ་དར་འཕེལ་བྱུང་བ་དང་དུས་རབས་ཉི་ཤུའི་ནང་ནང་མ་མཁས་པ་ཨབ་རྡུལ་རཱ་མན་དང་ཨ་ཇོ་རྣམ་རྒྱལ། འ་མ་རི་སོགས་བྱུང་ཡོད། འོན་ཀྱང་ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ངོ་བོ་སྲུང་སྐྱོབ་དང་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་ཡོང་ཆེད་བོད་ཀྱི་ཟློས་གར་ཚོགས་པ་ཐོག་མར་གསར་འཛུགས་གནང་བ་དང་། སྐབས་དེར་བཟོ་ཞིང་འབྲོག་གསུམ་གྱི་གཞས་དང་། ཆོས་རྒྱལ་ཁྲི་སྲོང་དང་ཁྲི་རལ་གྱི་རྒྱལ་རབས་འཁྲབ་གཞས་སོགས་༸སྐྱབས་རྗེ་ཁྲི་འཆང་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ནས་ལྗགས་རྩོམ་མཛད་པ་སོགས་བོད་ཀྱི་རིག་གཞུང་བདག་གཅེས་གནང་རྒྱུར་ཕྱག་ལས་ཞེ་དྲགས་གནང་ཡོད་ལ། ལྷག་དོན་དུ་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གནང་རྒྱུར་ཐུགས་འགན་ཆེན་པོ་བཞེས་གནང་ཡོད་པ་དང་། དེ་བཞིན་དེ་རིང་གི་འཁྲབ་སྟོན་སོགས་ལ་བལྟས་ན་རིག་གཞུང་རྒྱུན་འཛིན་ཞེ་དྲགས་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞེས་བཀའ་སློབ་བཀའ་དྲིན་བསྩལ་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་གནང་གྲུབ་རྗེས་རྒྱ་ཆེའི་སྐུ་མགྲོན་དང་གཟིགས་མོ་བ་རྣམས་ལ་གསོལ་ཇ་བཞེས་ཏོག་འདེགས་འབུལ་གནང་སྟེ་དབུ་བརྙེས་པའི་མཛད་སྒོ་རྒྱལ་ཁའི་ངང་གྲུབ་སོང་། ། གཞི་རྩའི་དེ་རིང་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་སྔོན་འགྲོའི་སྦྱོང་བརྡར་ནི་ཕྱི་ཟླ་ ༧ ཚེས་ ༡ ནས་ཟླ་ ༨ ཚེས་ ༡༠ བར་ཉིན་གྲངས་བཞི་བཅུ་རིང་སློབ་གཉེར་བ་རྣམས་ཀྱིས་ཉིན་མཚན་ལྟོད་མེད་ཀྱིས་འབད་བརྩོན་ཆེ་བསྐྱེད་དང་རུ་དཔོན་གཉིས་ཀྱིས་སྣེ་འཁྲིད་འོག་རུ་ཁག་ནས་གནའ་བོའི་གླུ་གཞས་འཚོལ་སྒྲུབ་དང་རྒན་རབས་གཞས་དཔོན་སོགས་ཐུགས་འཕྲད་ཞུས་ཏེ་གླུ་གཞས་བསྡུ་རུབ་ཞུས་ཏེ་འཁྲབ་སྟོན་གནང་བ་ཞིག་ཡིན་པས་སྒྱུ་རྩལ་བ་རང་ངོས་ནས་རྣམ་དཔྱོད་དང་སྒྱུ་རྩལ་གྱི་རིག་ནུས་སོགས་འདོན་སྤེལ་ཞུས་པ་ཞིག་ཡིན་པ་རེད། Tibetan Institute of Performing Arts Marks 67th Anniversary yesterday Tibetan Institute of Performing Arts (TIPA) marked its 67th anniversary on August 11 with…


