ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༡ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དང་(ཁྱབ་ཁོངས་ཟློས་ཟུར་དང་ཕྱོགས་མཐའི་ལྷ་མོ་ཚོགས་པ།) ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ་བཅས་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་སྐྱབས་འཇུག་ཞུ་དོན་ལྟར། ལྷར་བཅས་སྲི་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྟོན་སྐབས། ༸མགོན་པོ་གང་ཉིད་ཕོ་བྲང་གཟིམས་ཆུང་ནས་གཙུག་ལག་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པའི་ལམ་བར་དུ་བོད་ཀྱི་ཟློས་གར་ཚོགས་པས་རྔོན་པའི་འདོན་དང་། གར་གླུ་འཇམ་རོལ་དང་ཁྱུང་དཀར་པོ་བཅས་འཁྲབ་སྟོན་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་གནང་། བརྟན་བཞུགས་དངོས་གཞི་དབུ་འཛུགས་སྐབས་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྡོ་རྗེ་སློབ་དཔོན་མཛད་དེ་སྐུ་ཚེའི་ཚེ་སྒྲུབ་ཀྱི་སྒོ་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་ག་གནང་བ་དང་། ཚོགས་སྐྱིད་གསུམ་ནས་མཎྜལ་རྟེན་གསུམ་དང་འབུལ་རྫས་བཅས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་བསྒྲུབ་པའི་སླད་དུ་བརྟན་བཞུགས་བསྟར་འབུལ་རྒྱས་པར་ཞུས་བསྐལ་བྱུང་བ་དང་། དེ་ཉིན་བོད་ཀྱི་ཟློས་གར་ཚོགས་པ་དང་ཟློས་ཟུར་ཐོུང་ནས༸མགོན་པོ་གང་ཉིད་ཀྱི་སྐུ་མདུན་དུ་གར་གླུ་དཔལ་གྱི་ཆོས་འཁོར་ལྷ་ས་དང་རྩེ་དྲུང་ཟུར་པ་སྐུ་ངོ་བྱམས་པ་བསྟན་འཛིན་ལགས་ཀྱིས་ལྗགས་རྩོམ་མཛད་པའི་གཞས་ཚིག་བརྟན་བཞུགས་བསྟོད་དབྱངས་ཞེས་པ་གཉིས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་ཕུལ། བརྟན་བཞུགས་དངོས་གཞིའི་ལས་རིམ་བསྒྲུབས་རྗེས་བོད་ཀྱི་ཟློས་གར་ཚོགས་པ་དང་ཟློས་ཟུར་ཐུན་མོང་ནས་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་གནའ་བོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་བོད་ཆོལ་ཁ་གསུམ་གྱི་སྒོར་གཞས་གཟིགས་འབུལ་ཞུས་ཏེ་ཉིན་དེའི་མཛད་རིམ་ལེགས་པར་གྲུབ། ཕྱི་ཚེས་ ༢༢ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དང་ཟློས་ཟུར་ཐུན་མོང་ནས་ལྷ་གཞུང་ཁྱེའུ་པདྨ་འོད་འབར་གཟིགས་འབུལ་ཞུས་པར། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ངོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ངོ་སྒྲོལ་མ་ཚེ་རིང་མཆོག དེ་བཞིན་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་སློབ་གྲྭ་ཁག་གི་འགན་འཛིན་གཙོས་མི་མང་བརྒྱ་ཕྲག་འགའ་ཤས་ཕེབས་གནང་སོང་། མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ནས་དུས་སྟོན་ངོ་སྤྲོད་གནང་རྗེས་ལྷ་མོའི་གཟིགས་འབུལ་དངོས་སུ་དབུ་འཛུགས་ཞུས་ཡོད་པ་དང་། ལྷ་མོའི་གཟིགས་འབུལ་གྲུབ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ཟློས་གར་དབུ་འཛིན་ཟུར་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་དྲན་རྟེན་ཕྱག་རྟགས་ཕུལ།། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཀའ་སློབ་བཀའ་དྲིན་བསྐྱང་སྐབས། དེ་རིང་བོད་ཀྱི་ཟློས་གར་ཚོགས་པ་དང་ཟློས་ཟུར་ཐུན་མོང་ནས་ལྷ་གཞུང་ཉིན་འཁྱོངས་གཟིགས་འབུལ་ཞུས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ད་ལྟ་བོད་ཀྱི་ཟློས་གར་ཚོགས་པས་ཟློས་གར་འགན་འཛིན་ཟུར་པ་རྣམས་ལ་ཕྱག་རྟགས་ཤིག་ཕུལ་གནང་སོང་། སྤྱིར་སྒྲིག་འཛུགས་གང་འདྲ་ཞིག་ཡིིན་རུང་འགན་འཁུར་ཞུ་མཁན་གྱིས་ཚད་དང་ལྡན་པ་ཐུགས་འགན་བཞེས་ན་ཚོགས་པ་སྲ་བརྟན་དང་རྒྱུན་གནས་ཐུབ་རྒྱུར་ཕན་ཐོགས་ཡོང་གི་ཡོད་རེད།…