༄༅། །བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་སྟོན་པ་རྣམས་ཀྱིས་རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་དགོན་དུ་གླིང་བྲོ་བདེ་ཆེན་རོལ་མོའི་འཁྲབ་སྟོན་གཟིགས་འབུལ་ཞུས།
ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༠ དགོང་དྲོ་ཚོུད་ ༦།༠༠ པ་རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་དུ་༸སྐྱབས་རྗེ་གཏེར་ཆེན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ༸སྐྱབས་རྗེ་འཇིགས་མེད་རིན་པོ་ཆེ་མཆོག་དང་རི་པ་བླ་བྲང་གི་སྐུ་འཁོར་ལྷན་རྒྱས། རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་དགོན་གྱི་མཁན་སྤྲུལ་རྣམ་པ་གཙོས་ཕྱོགས་མཐའི་ལྷ་མོ་ཚོགས་པའི་ཚོགས་མི་རྣམས་དང་ཨོ་གཞི་ཕུན་ཚོགས་གླིང་གི་སྐྱ་སེར་མང་ཚོགས་ལྔ་བརྒྱ་ལྷག་ཙམ་འདུ་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པས་གླིང་རྗེ་གེ་སར་རྒྱལ་པོའི་གཏམ་རྒྱུད་ལས་འཕྲོས་པའི་གླིང་བྲོ་བདེ་ཆེན་རོལ་མོའི་བྲོ་ཚན་མི་རྗེ་སེང་ཆེན་ནོར་བུ་དགྲ་འདུས་ཞེས་པའི་ལེའུ་དང། བོད་ཀྱི་གནའ་བོའི་རིག་གཞུང་གཞས་སྣ་གཟིགས་འབུལ་ཞུས་གྲུབ་རྗེས་༸མཛད་སྒོའི་སྐུ་མགྲོན་གཙོ་བོ་མཆོག་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་བཀའ་དྲིན་བསྐྱངས་གནང་བདང་། རི་དགོན་ཐུབ་བསྟན་སྨན་གྲོལ་གླིང་གིས་ད་ལན་ཞོ་སྟོན་རྒྱས་པ་ཐེངས་ ༢༩ ནང་མཉམ་ཞུགས་གནང་ཡོངས་ལ་དགོང་དྲོའི་གསོལ་ཚིགས་དང་ལེགས་འབུལ་གསོལ་བསྩལ་གནང་སོང་། གཞི་རྩའི་གླིང་བྲོ་བདེ་ཆེན་རོལ་མོ་ཞེས་བྱ་བ་འདི་ནི་གསང་བ་མདོ་སྔགས་ཀྱི་དགོངས་སྤྱོད་ཡོངས་སུ་རྫོགས་པའི་གླུ་བྲོ་ངོ་མཚར་ཅན་ཞིག་སྟེ། རྗེ་བཙུན་འཇམ་པའི་དབྱངས་བསམ་བཞིན་མིའི་རྣམ་པར་རོལ་པ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་དགོངས་པའི་གཏེར་མཛོད་ལས་བྱུང་ཞིང་། འདི་ལྟར་བོད་ཁམས་མཐའ་དབུས་མེད་པར་ཁྱབ་བརྡལ་དུ་དར་ཞིང་གཞོན་ནུ་ཕོ་མོ་དག་གིས་བྲོ་གར་གྱི་སྟངས་སྟབས་དག་ལ་རྗེས་སུ་ཟློས་ཏེ་འཁྲབ་ཐུབ་པ་ཞིག་བྱུང་ན། ཡུལ་གངས་ཅན་དུ་བཀྲ་ཤིས་པ་རྟག་ཏུ་འཕེལ་ཞིང་འཛམ་གླིང་ཀུན་ཏུ་ནད་མུག་འཁྲུག་རྩོད་ཀྱི་བསྐལ་པ་ངན་པ་རྣམས་རྒྱུན་ཆད་ནས་དགའ་སྐྱིད་རྫོགས་ལྡན་གྱི་དཔྱིད་དཔལ་བླ་ལྷག་ཏུ་འཕེལ་བའི་རྟེན་འབྲེལ་རྨད་དུ་བྱུང་བར་བཞུགས་པར་གསུངས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། རང་ཅག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་བ་དང་བསྟུན་རྭ་སྒྲེང་རྒྱལ་པོའི་བྲོ་དཔོན་ནོར་བཟང་མཆོག་དང་གང་ཉིད་ཀྱི་སྲས་མོ་དབྱངས་འཛོམས་དང་སྐལ་བཟང་ཆོས་སྒྲོན་བཅས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས། ཕྱི་ལོ་ ༡༩༦༤ ལོར་ཨོ་རི་ས་གཞིས་གྲོང་གསུམ་པར་༸སྐྱབས་རྗེས་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གདན་ས་བདུད་འདུལ་རབ་བརྟན་གླིང་དུ་དོན་གཉེར་ཅན་རྣམས་ལ་ལམ་སེང་གླིང་བྲོའི་ཆོ་ག་སློབ་སྟོན་འཁྲབ་འཁྲོད་བཅས་ཀྱི་བཀའ་དྲིན་བསྐྱངས་པ་དང་། འཕགས་ཡུལ་ཨོ་རི་སར་གླིང་བྲོའི་ཆོ་ག་ཡང་དར་གྱི་འཁྲབ་འཁྲིད་དང་ཚོགས་པ་བཅས་ཐོག་མ་དེ་དབུ་བརྙེས། ཕྱི་ལོ་ ༡༩༦༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་རི་ས་གཞིས་ཆགས་སུ་ཆིབས་བསྒྱུར་སྔ་ཕྱིའི་སྐབས་གླིང་བྲོ་རྒྱས་བསྡུས་ཅི་རིགས་ཀྱི་སྒོ་ནས་གཟིགས་འབུལ་ཞུས་པར་ཐུགས་དགྱེས་ཚོར་ཚད་མེད་ཀྱིས་བསྔགས་བརྗོད་མཐུན་རྐྱེན་རྒྱབ་སྐྱོར་ཡང་མཛད།…


