བོད་ཀྱི་ཟློས་གར་ཚོགས་པས་བྷན་རྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་རིག་གཞུང་འཁྲབ་སྟོན་སྐོར་སྐྱོད་ལེགས་གྲུབ་བྱུང་སོང་།
ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༥ ཉིན་བོད་ཀྱི་ཟློས་གར་ཚོགས་པས་བྷན་དྷ་ར་ནོར་རྒྱལ་གླིང་བོད་མིའི་གཞིས་ཆགས་སུ་རིག་གཞུང་སྐོར་སྐྱོད་ལས་གཞི་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་དང་། རིག་གཞུང་འཁྲབ་སྟོན་གྱི་སྐོར་སྐྱོད་འདི་ནི་རྒྱ་གར་ནང་གི་དབུས་བོད་མིའི་གཞིས་ཆགས་ཁག་གསུམ་གྱི་ཁོངས་ནས་སྐོར་སྐྱོད་ལས་རིམ་མཐའ་མ་དེ་ཡིན། ཁ་སྔོན་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་སྐོར་སྐྱོད་ལེགས་གྲུབ་བྱུང་རྗེས། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱི་སྣེ་འཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་གཙོས་དགེ་རྒན་དང་ལས་བྱེད། འཁྲབ་སྟོན་པ་བཅས་མི་གྲངས་ ༤༢ ཕྱི་ཟླ་ ༤ ཚེས་ ༢ ཉིན་གྱི་ཕྱི་དྲོར་བྷན་རྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་བདེ་འབྱོར་བྱུང་སོང་། ད་ལན་གྱི་རིག་གཞུང་སྐོར་སྐྱོད་ཞུ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ བཞད་པའི་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་དང་བསྟུན་ཏེ། བོད་མི་གནས་ཡུལ་གྱི་གཞིས་ཆགས་ཁོངས་སུ་དཔུང་པ་ས་འོག་ཏུ་བཅུག་ནས་སྐུ་ལས་བསྐྱོན་མཁན་གྱི་མི་ཐོག་རྒན་པ་ཚོས་གཞིས་ཆགས་ཁག་རྒྱུན་གནས་སྲ་བརྟན་གནས་ཐབས་སླད་སྐུ་ལས་བསྐྱོན་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རིག་གཞུང་རྒྱུན་འཛིན་དང་ཕྱག་ལྟར་གནང་རྒྱུར་གདོང་ལེན་སྣ་ཚོགས་བྱེད་བཞིན་པའི་སྐབས་འདིར་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་ཀྱི་སྲོལ་རྒྱུན་གྱི་འཁྲབ་སྟོན་སྒྱུ་རྩལ་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུའི་གལ་ཆེན་རང་བཞིན་ལ་དམིགས་ཏེ་སྐོར་སྐྱོད་གོ་རྟོགས་སྤེལ་རྒྱུའི་ལས་གཞི་འདི་བརྩམས་པ་ཡིན། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༣ ཉིན་གྱི་དགོང་མོར་ཆུ་ཚོད་ ༧:༠༠…


