འཇར་མན་་གྲོང་ཁྱེར་ཕ་རན་ཕུ་རུག་ཏུ་བོད་ཀྱི་ཟློས་གར་ཚོགས་པའི་ཡོ་རོབ་སྐོར་སྐྱོད་འཁྲབ་སྟོན་ཐེངས་དང་པོ་དེ་ལེགས་གྲུབ་བྱུང་བ།
ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༣༠ ཉིན་བོད་ཀྱི་ཟློས་གར་ཚོགས་པ་རྒྱ་གར་ནས་འཇར་མན་གྲོང་ཁྱེར་ཕན་རན་ཕུ་རུག་གནམ་ཐང་དུ་འབྱོར་མཚམས་རྗར་འཁོད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་དོན་གྲུབ་ལགས་དང་ས་གནས་ཕན་རན་ཕུ་རུག་ཚོགས་པའི་ཚོགས་གཙོ་དབང་མོ་ལགས་རྣམ་གཉིས་ནས་དགའ་བསུའི་འཚམས་འདྲི་ཞུས་ནས་མགྲོན་ཁང་དུ་སྣེ་ལེན་ཟབ་རྒྱས་གནང་། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་འཇར་མན་གྲོང་ཁྱེར་ཕ་རན་ཕུ་རུག་ (Frankfrut) གི་བྷོན་ཧིམ་ (Bornheim) རྫོང་གི་ཚོགས་ཁང་ཆེན་མོའི་ནང་སུད་སི་སྐུ་ཚབ་དོན་གཅོད་མཆོག་དང་། རྗར་འཁོད་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐོར་ཚོགས་པའི་ས་གནས་ཀྱི་ཚོགས་གཙོ་དང་འཐུས་མི། དེ་བཞིན་འཇར་མན་ཁུལ་དུ་གནས་སྡོད་ས་གནས་བོད་རིགས་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་ཙམ་ལྷན་འཛོམས་སར་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ནས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་དང་གཏམ་བརྗོད་གཟིགས་འབུལ་ཞུས་ཡོད། དེ་ཡང་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་ཕྱི་ནང་གི་སྐུ་མགྲོན་དང་ས་གནས་མང་ཚོགས་ལ་འཚམས་འདྲི་དང་སྦྲགས། བོད་ཀྱི་ཟློས་གར་ཚོགས་པའི་ངོ་སྤྲོད་གཏམ་བཤད་ཞུས་ཡོད་ཅིང་། དེ་རྗེས་སུད་སི་སྐུ་ཚབ་དོན་གཅོད་སྐོུ་འཕྲིན་ལས་ཆོས་སྐྱིད་ལགས་ནས་ད་ལན་ཡོ་རོབ་ཁུལ་དུ་བོད་ཀྱི་ཟློས་གར་ཚོགས་པའི་རིག་གཞུང་སྐོར་སྐྱོད་འཁྲབ་སྟོན་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་དང་དེའི་བརྒྱུད་རིམ་ངོ་སྤྲོད་གསུང་བཤད་གནང་སྐབས་ད་རེས་བོད་ཀྱི་ཟློས་གར་ཚོགས་པ་ཨོ་རོབ་ཁུལ་དུ་སྐོར་སྐྱོད་གདན་ཞུ་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་ནང་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བའི་ངོས་ནས་སོ་སོའི་ཕ་མེས་ནས་བརྒྱུད་ཡོང་བའི་རིག་གཞུང་བཟང་པོ་དེ་དག་འཛམ་གླིང་རྒྱལ་སྤྱིའི་ནང་ངོ་སྤྲོད་དང་ཁྱབ་སྤེལ་བྱ་རྒྱུ་དང་། གཞན་གཅིག་ནི་བོད་རིགས་ན་གཞོན་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ནང་འཚར་ལོངས་བྱུང་བ་རྣམས་ལ་སོ་སོའི་ཕ་མེས་ནས་བརྒྱུད་པའི་རིག་གཞུང་བཟང་པོ་དང་ཕྱུག་པོ་དེ་དག་འཁྲབ་སྟོན་གྱི་ལམ་ནས་བརྒྱུད་སྤེལ་ཡོང་ཐབས་སུ་ཡིན་ཞེས་གསུངས་ཡོད་ཅིང་། དེ་བཞིན་དངོས་སུ་བོད་ཀྱི་ཟློས་གར་ཚོགས་པ་སུད་སི་དོན་ཁང་ཁྱབ་ཁོངས་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་མངོན་གྱུར་ཐུབ་པ་བྱུང་བ་ནི་འབྲེལ་ཡོད་བོད་རིགས་ཚོགས་པས་རམ་འདེགས་མཐུན་འགྱུར་གནང་བར་བརྟེན་ནས་བྱུང་བར་སོང་ཚང་མར་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུས་གྲུབ་མཚམས། བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་ཁྱོན་ཆུ་ཚོད་ ༢ ཙམ་རིང་རིག་གཞུང་གཞས་སྣ་འཁྲབ་སྟོན་ཞུས་ཡོད་པ་དང་། དེ་རྗེས་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བརྗོད་ཚོུད་ ༡ ཙམ་རིང་འཁྲབ་སྟོན་ཞུས་པར་གཟིགས་མོ་གཟིགས་མཁན་སྐུ་མགྲོན་གཙོས་པའི་ས་གནས་མང་ཚོགས་ཡོངས་ནས་ཐུགས་སྣང་ཆེན་པོས་གསན་གཟིགས་གནང་མ་ཟད།…


