རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་དུས་སྟོན་ལ་བོད་ཀྱི་ཟློས་གར་ཚོགས་པ་མཉམ་ཞུགས་གནང་བ།
༄༅།།ཕྱི་ལོ་༢༠༢༦ཟླ་བ་༩ཚེས་༠༣ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་།འཚེ་མེད་ཞི་བའི་ལམ་ལུགས་ཀྱི་ཐེབས་རྩ།བོད་ཀྱི་ཐེབས་རྩ་བཅས་མཉམ་འབྲེལ་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་ཀྱི་དུས་སྟོན་གོ་སྒྲིག་གནང་ཡོད།སྐབས་དེར་མཁས་དབང་དང་།སྲིད་བྱུས་འཆར་འགོད་པ།རྩོམ་པ་པོ།ཆོས་ལུགས་ཀྱི་དབུ་ཁྲིད།དེ་བཞིན་མི་མང་བཅས་འདུ་འཛོམས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་གྷན་དི་དྲན་རྟེན་ཐང་ཆེན་ (Gandhi-King Memorial Plaza) དུ་དབུ་འབྱེད་མཛད་སྒོ་ཚོགས་ཡོད་ཅིང་།སྐབས་དེར་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་བསྟུན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་ཡོད།དབུ་འབྱེད་སྐབས་རྟེན་འབྲེལ་ཚུལ་དུ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཨ་ལྕེ་ལྷ་མོའི་ལྷ་གཞུང་ནས་རྣམ་ཐར་གསོལ་འདེབས་ཐོག་ནས་ལྷ་གསོལ་བཏང་།དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་རྣམས་ལ་རྒྱ་ནག་གི་ཡར་རྒྱས་ཀྱི་གནས་སྟངས་ཐོག་དོ་སྣང་གནང་དགོས་པ་དང་།ལྷག་པར་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དང་།དེས་བོད་མི་དང་རྒྱ་ནག་ནང་གི་མི་རིགས་གཞན་རྣམས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་ཐད་དོགས་ཟོན་གནང་དགོས་པ་གསུངས།དེ་བཞིན་ཁོང་གིས་ཁྲིམས་ཡིག་འདི་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་སྒྲོམ་གཞི་ནང་འཁོད་པའི་ཁས་ལེན་དམ་བཅའ་དང་འགལ་གྱི་ཡོད་པ་ནན་བརྗོད་གནང་། རྒྱ་ནག་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེས་ཡིད་ཆེས་དང་བར་སྡུམ་བྱ་རྒྱུ་མ་ཡིན་པར།རྒྱལ་ཡོངས་མཐུན་སྒྲིལ་གྱི་མིང་འདོགས་ཏེ་མི་རིགས་སིམ་སྒྱུར་གྱི་སྲིད་བྱུས་དེ་ཁྲིམས་མཐུན་བཟོ་རྒྱུར་དམིགས་ཡོད་པ་མ་ཟད།གྲོས་མོལ་ཚབ་ཏུ་བཙན་ཤེད་དང་།སྣ་མང་རང་བཞིན་ཚབ་ཏུ་སྒོ་བསྟུན་བྱ་ཐབས་ཡིན་པ་འགྲེལ་བརྗོད་གནང་།བོད་ཀྱི་དུས་སྟོན་ཏེ་ཕྱི་ལོ་༢༠༢༦ཟླ་༩ཚེས་༣ནས་༥བར་རྒྱ་གར་རྒྱལ་ས་ལྡི་ལིར་གཏན་གཞི་ཆགས་པའི་ India International Centre, New Delhi ནང་ SPRIT OF TIBET – Celebrating Cultural and Compassion ཐོག་གཏམ་བཤད་ལས་རིམ་གྱི་བརྗོད་གཞི་Civilizational Confluence, Present Realities, and Strategic Horizons ཐོག་ཐབས་བྱུས་གནད་དོན་དང་།གསར་འགྱུར་བརྒྱུད་ལམ།ཤེས་ཡོན་སྡེ་ཚན།རྒྱ་ནག་ཐོག་སློབ་གཉེར་གནང་མཁན་བཅས་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་ཕེབས་ཡོད།ཉིན་དང་པོའི་ཕྱི་དྲོ་ཚོུད་༦ཐོག་གཞུང་ཚབ་ཁག་དང་དེའི་སྐུ་ཚབ།རྒྱ་གར་གྱི་གནད་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་མི་སྣ་ཁག་ཅིག་ལ་གོ་སྒྲིག་ཚོགས་ཆུང་ནས་དགའ་བསུའི་རིག་གཞུང་དགོང་ཚོགས་དེར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གཞས་སྣ་གཟིགས་འབུལ་སྐབས་སྐུ་མགྲོན་ཡོངས་ནས་ཐུགས་དགྱེས་ཚོར་ཆེན་པོས་ལེགས་གསོལ་བསྔགས་བརྗོད་གནང་ཡོད།དེ་བཞིན་ཉིན་གཉིས་པར་ཕྱི་དྲོ་ཚོུད་༦ཐོག་སྐབས་དེར་གཏམ་བཤད་གནང་མཁན་གྱི་མཁས་དབང་དང་གཏམ་བཤད་གསན་གཟིགས་མཁན་ཤེས་ཡོང་ཅན་དང་། མཐོ་སློབ་ཀྱི་སློག་ཕྲུག་རྒྱ་ཆེའི་མང་ཚོགས་ཡོངས་ལ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་གཟིགས་འབུལ་སྐབས་ཚོགས་ཁང་གི་ཞབས་བཀྱག་ཆ་ཚང་ཁེངས་ནས་གཡས་ཡོན་དུ་སྐུ་བཞེངས་ཐོག་ཐུགས་སྣང་དང་སྤྲོ་སྣང་ཐོག་གཟིགས་མོ་གཟིགས་ནས་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་སོ་སོའི་ཕ་མེས་ནས་བརྒྱུད་པའི་རིག་གཞུང་བཟང་པོ་དེ་དག་སྒྱུ་རྩལ་འཁྲབ་སྟོན་གྱི་ལམ་ནས་མང་ཚོགས་སུ་གཟིགས་འབུལ་ཞུས་ཐུབ་པ་དེས་གཟིགས་མོ་བ་ཚང་མའི་ཡིད་དབང་འཕྲོག་ནས་ཚང་མས་རྗེས་སུ་ཡིད་རངས་བསྔགས་བརྗོད་གནང་ནས་གང་ལྟར་བོད་ཀྱི་དུས་སྟོན་མིང་དོན་མཚུངས་པ་ཞིག་ཡོང་ཐབས་སུ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་ཆ་ཤས་གང་ལེགས་གནང་འབྲས་ཀྱིས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་གོ་རྟོགས་དྲིལ་བསྒྲགས་རྒྱ་གང་ཆེ་ཐུབ་པ་བྱུང་ཡོད། TIPA Performs at Spirit of Tibet Festival in New…


