ཁ་སྔོན་ཐེ་ཝན་རིག་གཞུང་ལྷན་ཁང་དང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་ཐུན་མོང་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩི་ཞུ་བའི་དུས་སྟོན་དང་བསྟུན་བོད་ཀྱི་ཟློས་གར་ཚོགས་པ་དེ་གར་གདན་ཞུ་གནང་དོན་ཇི་བཞིན་ཟློས་གར་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་སྣེ་འཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་གཙོས་པའི་དགེ་སློབ་འཁྲབ་སྟོན་པ་གྲངས་ ༡༨ འདི་ནས་ཕྱི་ཟླ་ ༩ ཚེས་ ༢༥ ཉིན་བཞུགས་སྒར་ནས་ཕྱིར་ཐོན་གྱིས་ཕྱི་ཚེས་ ༢༧ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་གནམ་བསྐྱོད་ཞུས་ཏེ་ཐེ་ཝན་རྒྱལ་ས་ཐེ་པེའི་རུ་བདེ་འབྱོར་བྱུང་བཞིན་ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༡༠ ཚེས་ ༠༧ བར་ཐེ་ཝན་རྒྱལ་ས་ཐེ་པེའི་གཙོས་གྲོང་འཁྱེར་ཆེ་ཁག་ནང་སྐོར་བསྐྱོད་རིག་གཞུང་འཁྲབ་སྟོན་དབུ་འཛུགས་ཞུས།
དེ་ཡང་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ཐེ་ཝན་རྒྱལ་ས་ཐེ་པེའི་རུ་ཡོད་པའི་ཐེ་ཝན་སྲོལ་རྒྱུན་གཏམ་བརྗོད་འཁྲབ་སྟོན་ལྟེ་གནས་ཁང་གི་ (Tawain Traditional Theatre Center) ཚོགས་ཁང་ནང་ཐེ་ཝནགྱི་གསར་ཁང་གྲགས་ཅན་ཁག་ཅིག་གི་གསར་འགོད་པ་ལྷན་འཛོམས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་ཞུས་གནང་འདུག་པའི་ནང་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་རིག་གཞུང་གཞས་སྣ་ཁག་ཅིག་གཟིགས་འབུལ་འཁྲབ་སྟོན་ཞུས་ཏེ་དེ་ནས་ཐེ་ཝན་རིག་གཞུང་ལྷན་ཁང་གི་གཙོ་འཛིན་ (Kao Yu Chen) མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པ་ཐེ་ཝན་དུ་མགྲོན་འབོད་ཞུ་དགོས་པའི་དགོས་དམིགས་གསལ་བཤད་དང་སྦྲགས། ཐེ་ཝན་རིག་གཞུང་ལྷན་ཁང་གི་གཙོ་འཛིན་མཆོག་དང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གཉིས་ལ་བཅར་འདྲི་ཞུས་གནང་སོང་།


དེ་རྗེས་ཐེ་ཝན་རིག་གཞུང་ལྷན་ཁང་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༣༠ དང་ཟླ་ ༡༠ ཚེས་ ༡ ཉིན་གྲངས་གཉིས་རིང་ཐེ་ཝན་རྒྱལ་ས་ཐེ་པེའི་རུ་ཐེ་ཝན་སྲོལ་རྒྱུན་གཏམ་བརྗོད་འཁྲབ་སྟོན་ལྟེ་གནས་ཁང་དུ་རིག་གཞུང་གཞས་སྣ་འཁྲབ་སྟོན་ཞུས་པ་དང་། ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ཐེ་ཝན་ཤར་ཕྱོགས་ཧྭ་ནན་རྫོང་ཚོགས་ཁང་དང་། ཕྱི་ཚེས་ ༦ ཉིན་ཐེ་ཝན་ནུབ་ཕྱོགས་གྲོང་ཁྱེར་ཅྭ་དབྱེ་ཚོགས་ཁང་བཅས་སུ་ས་གནས་སོ་སོའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི། དེ་བཞིན་ས་གནས་ཀྱི་ཐེ་ཝན་མང་ཚོགས་བརྒྱ་ཕྲག་བརྒལ་བའི་སར་ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་ཐུང་མོང་མ་ཡིན་པའི་རིག་གཞུང་གཞས་སྣ་གཟིགས་འབུལ་ལེགས་པར་ཞུས། ཐེ་ཝན་དུ་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་ཐབ་ཁང་གི་སྦྱིན་བདག་མ་སུ་རི་སློབ་ཟུར་བཀྲིས་བསོད་ནམས་ལགས་བཟའ་འཚོ་རྣམ་གཉིས་ནས་ཐེ་ཝན་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མི་སྣ་ཕེབས་མཁན་རྣམས་ལ་གུས་བརྩི་མཚོན་པའི་གསོལ་སྟོན་འདེགས་འབུལ་ཞུ་བཞིན་ཡོད་འདུག་པ་ལྟར་ཕྱི་ཚེས་ ༧ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ལ་བོད་ཀྱི་གསོལ་ཐབ་ཁང་གིས་གསོལ་སྟོན་འདེགས་འབུལ་ཞུས་གནང་སོང་།

ཕྱི་ཟླ་ ༡༠ ཚེས་ ༨ ནས་ ༡༥ བར་ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་ཐེ་ཝན་དུ་༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་སླད་བོད་ཀྱི་རིག་གཞུང་གཞས་སྣ་འཁྲབ་སྟོན་ཞུ་རྒྱུའི་ལས་རིམ་གོ་སྒྲིག་ཞུས་པ་ལྟར་ཕྱི་ཚེས་ ༨ ཉིན་འཁྲབ་སྟོན་པ་རྣམས་ཐེ་ཝན་དུ་སྡོད་ཡུན་རིང་རིན་མེད་ཐོག་བཞུགས་གནས་མཐུན་འགྱུར་གནང་མཁན་ཐེའི་ཝན་རྒྱལ་ས་གསར་པའི་ནང་རྟེན་གཞི་བྱས་པའི་ཐེ་ཝན་ནང་བསྟན་དགེ་རྩ་ཚོགས་པས་ (Nanshan Fangsheng Temple) གོ་སྒྲིག་འོག་དེ་གའི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་ཆོས་ཚོགས་ཀྱི་མཁན་པོ་དང་དགེ་བསྐོ། ལས་སྣེ་གཙོས་དད་ལྡན་ཆོས་ཞུ་བ་ ༦༠༠ ལྷག་ཙམ་ལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། ཕྱི་ཚེས་ ༡༠ ཉིན་ཐེ་ཝན་སན་ཤ་རི་འདབས་སུ་ཐེ་ཝན་དུ་གནས་བཞུགས་བོད་རིགས་སེར་སྐྱ་མང་ཚོགས་ལྷན་ཚོགས་ཀྱིས་མང་གཙོ་དུས་ཆེན་དང་༸རྒྱལ་བའི་གོ་སྟོན་བྱསམ་བརྩེའི་ལོ་སྲུང་བརྩི་ཞུ་བའི་མཛད་སྒོའི་ཐོག་ས་གནས་བོད་རིགས་མི་མང་ ༢༠༠ ལྷག་ཙམ་ལ་རིག་གཞུང་གཞས་སྣང་འཁྲབ་སྟོན་ཞུས།
ཕྱི་ཚེས་ ༡༡ ཉིན་ཐེ་ཝན་དགའ་ལྡན་ཤར་རྩེ་ཆོས་ཚོགས་ཀྱི་སྟོང་གསུམ་དག་ཞིབ་རོལ་དབྱངས་ཚོགས་པ་ནས་གོ་སྒྲིག་འོག་ཐའེ་པེའི་(Gauguang) ཚོགས་ཁང་དུ་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་ སླད་སྟོང་གསུམ་དག་ཞིབ་རོལ་དབྱངས་ཚོགས་པའི་སྦྱིན་བདག་སྐུ་འཁོར་རྣམ་པ་དང་། ཐེ་ཝན་སྐུ་ཚབ་དོན་གཅོད། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་གཙོས་པའི་ཐེ་ཝན་ནས་གནད་ཡོད་མི་སྣ། དེ་བཞིན་ཐེ་ཝན་མང་ཚོགས་ཆིག་སྟོང་ལྷག་ཙམ་ཕེབས་བཞུགས་གནང་ཡོད་པའི་ཁྲོད་བོད་ཀྱི་ཟློས་གར་ཚོགས་པ་དང་སྟོང་གསུམ་དག་ཞིབ་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་པ་རྣམས་ནས་ལྷན་གཅིག་ཏུ་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་ཁག་ཅིག་འཁྲབ་སྟོན་ཞུས། ཕྱི་ཚེས་ ༡༢ ཉིན་བོད་བརྒྱུད་ནང་བསྟན་ཆོས་ཚོགས་དང་ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་ཟུང་སྦྲེལ་ཐོག་ཐེ་ཝན་ཐའེ་ཀྲུང་གྲོང་འཁྱེར་གྱི་ཀྲེ་ནཱི་སྐྱེད་ཚལ་མགྲོན་ཁང་གི་ (Zhenai Garden Hotel) ཚོགས་ཁང་ནང་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་སླད་ཆོས་ཚོགས་གསར་འཛུགས་གནང་མཁན་བཙུན་མ་བསྟན་འཛིན་བྱམས་ཆོས་དང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག ཐེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་དང་དེ་བཞིན་གནད་ཡོད་སྐུ་མགྲོན་ཁག་དང་མི་མང་སྟོང་ཕྲག་ལྷག་ཙམ་ཞིག་ཕེབས་བཞུགས་གནང་སར་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་རིག་གཞུང་གཞས་སྣ་འཁྲབ་སྟོན་ཞུས།

ཕྱི་ཚེས་ ༡༣ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་རྣམས་ནས་ཐེ་ཝན་གྱི་ཐུའུ་རྫོང་གྲོང་དུ་ཡོད་པའི་སྙན་གྲགས་ཆེ་བའི་ཉི་ཟླའི་མཚོ་ (Sun and Moon Lake) སྤྲོ་འཆམ་དུ་བསྐྱོད་ཡོད་ཅིང་། དེ་ཉིན་གྱི་དགོང་དྲོར་ཐེ་ཝན་རྒྱལ་སར་ཕྱིར་འཁོར་མཚམས་ཐེ་ཝན་སེར་བྱེས་རི་བོ་ཡོན་ཏན་དགོན་གྱི་དགེ་བཤེས་ཐུབ་བསྟན་ནོར་བུ་ལགས་དང་སློབ་མ་ཁག་ཅིག་ནས་ཐེའི་པེའི་ཟ་ཁང་ནང་དུ་བོད་ཀྱི་ཟློས་གར་འཁྲབ་སྟོན་པ་ཡོངས་ལ་དགོང་ཚིགས་འདེགས་འབུལ་ཞུས་སོང་། ཕྱི་ཚེས་ ༡༤ ཉིན་སྔ་དྲོ་ཐེའི་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ངོ་བཅར་གྱིས་སྐུ་ཚབ་དོན་གཅོད་སྐོུ་འབབ་བ་སྐལ་བཟང་རྒྱལ་མཚན་མཆོག་གཅོས་པའི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་དང་། རྩིས་པ་རྡོ་རྗེ་དཔལ་མོ་ལགས། གཞན་ཡང་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་ཡོངས་ལ་ཐུགས་རྗེ་ལེགས་འབུལ་མཇའ་དར་དང་དྲན་རྟེན་ཕྱགས་རྟགས་རེ་འབུལ་ཞིང་། དེ་ཉིན་ཐེ་ཝན་རྒྱལ་སར་འཁྲབ་སྟོན་པ་རྣམས་རང་མོས་ཀྱི་སྤྲོ་འཆམ་དུ་བསྐྱོད་ཡོད། ད་ལན་གྱི་ཐེ་ཝན་དུ་སྐོར་སྐྱོད་འཁྲབ་སྟོན་ཞུ་བར་གདན་ཞུ་དང་དེ་འབྲེལ་ལས་རིམ་གོ་སྒྲིག་ཞུ་མཁན་ནི་ཐེ་ཝན་རིག་གཞུང་ལྷན་ཁང་དང་ཐེ་ཝན་སྐུ་ཚབ་དོན་གཅོད་ཡིན་ཞིང་། སྐོར་སྐྱོད་ཀྱི་ལམ་གྲོན་ཡོངས་རྫོགས་ཐེ་ཝན་རིག་གཞུང་ལྷན་ཁང་ནས་གནང་སོང་། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ཕྱི་ཚེས་ ༨ ནས་ ༡༥ སྡོད་ཡུན་རིང་ཐེ་ཝན་ནང་པའི་དགེ་རྩ་ཚོགས་པ་ (Nanshan Fangsheng Temple) རིན་མེད་ཐོག་བཞུགས་གནས་མཐུན་འགྱུར་གནང་བ་དང་། ད་རེས་བོད་ཀྱི་ཟློས་གར་ཚོགས་པ་ཐེ་ཝན་དུ་རིག་གཞུང་སྐོར་སྐྱོད་འཁྲབ་སྟོན་གང་ལེགས་མངོན་འགྱུར་ཐུབ་པར་བརྟེན་བོད་ཀྱི་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་བརྒྱུད་རིམ་ཐོག་མི་རིགས་ཕན་ཚུན་དབར་རིག་གཞུང་བརྗེ་ལེན་དང་བོད་ཀྱི་གནའ་བོའི་རིག་གཞུང་གོ་རྟོགས་རྒྱ་གང་ཆེ་ཐུབ་པར་སོང་ཐེ་ཝན་མི་དམངས་དང་གནད་ཡོད་མི་སྣ་ཁག་ནས་གདེང་འཇོག་དང་བསྔགས་བརྗོད་གནང་བ་འདི་ནི་བོད་མི་རིགས་རིག་གཞུང་ལ་ཆེ་མཐོང་གནང་བར་བརྟེན་མཐུན་འགྱུར་གནང་མཁན་ཡོངས་ལ་རྗེས་སུ་ཡིད་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ།
















